གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་རྣམ་ཐར་ཉུང་བསྡུས་བཞུགས།

༸འཛམ་གླིང་བོན་གྱི་གཙུག་རྒྱན་ཞྭ་དཀར་བསྟན་པའི་དབུ་འཁྲིད་བླ་ཆེན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ཞུས་ན་ ༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༢༠༥༦ ས་མོ་སྦྲུལ་གྱི་ལོ་སྟེ། ཕྱི་ལོ་ ༡༩༢༩ ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བོད་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།

༡༩༣༥ དགུང་གྲངས་བདུན་བཞེས་སྐབས། སྐྱང་ཚང་དགོན་གྱི་རྒན་བྱ་ཚང་སྲུང་ཐར་གྱི་མདུན་ནས་དང་པོ་ཀློག་འདོན་འབྲི་གསུམ་ནས་རིམ་བཞིན་སྦྱོངས་པ་གནང༌། དེ་ནས་རིམ་བཞིན་གཡུང་དྲུང་བོན་གྱི་ཆོ་ག་རྒྱས་བསྡུས་དང་ཡི་དམ་གྱི་སྒྲུབ་སྐོར་སོགས་འདོན་ཆོག་གི་རིགས་ལ་བྱང་ཆུབ་པར་མཛད་ཅིང༌། ཞོར་དུ་དཀྱིལ་འཁོར་ཐིག་རྩ་དང་རྡུལ་ཚོན་བཅས་ལའང་ཧུར་བརྩོན་ཆེན་པོས་སྦྱངས་པ་གནང༌།

༡༩༤༡ དགུང་གྲངས་བཅུ་གསུམ་ཐོག འདོན་དབྱངས་གྱེར་གསུམ་དང༌། འབུད་རྡུང་དཀྲོལ་གསུམ་སོགས་ལ་སྦྱངས་པ་ལྷོད་མེད་གནང༌། སྐབས་དེར་ཁོང་གི་མ་ཡུམ་སྐུ་ན་ཕྲ་བའི་དུས་ནས་ལྔ་ལམ་དུ་གྱུར་སྟབས་བསྟན་པ་ལྷུན་གྲུབ་མཆོག་གི་སྐུ་མདུན་ནས་གསོ་བ་རིག་པའི་གཞུང་ལས་དུས་བཞི་ཁམས་རྩིས་དང༌མ་བུ་དགྲ་གྲོགས། རྩ་དཔྱད་སྨན་གྱི་ངོ་སྤྲོད་སོགས་ལ་སྦྱངས་པ་གནང་སྟེ་ཟིང་ཆུ་སྟོད་སྨད་དང་བབ་བཟོ་སོགས་ས་ཆ་གང་སར་མ་ཡུམ་གྱི་དགེ་རྩར་དམིགས་ཏེ་སྐྱེ་འགྲོ་ནད་ཀྱིས་གདུང་བ་རྣམས་ལ་སྨན་སྦྱིན་རྒྱ་ཆེར་བསྩལ་གནང་མཛད།

༡༩༤༢ དགུང་གྲངས་བཅུ་བཞིའི་ཐོག  རྔ་བ་སྣང་ཞིག་དགོན་གྱི་ནང་ཆེན་ཤེས་རབ་བསྟན་འཛིན་མཆོག་གི་སྐུ་མདུན་ནས་སྔོན་འགྲོ་ཞུས་ཏེ། སྔོན་འགྲོ་ཚར་གསུམ་བསགས་སྦྱངས་གནང་མྱོང་གསུངས།

༡༩༤༤ དགུང་གྲངས་བཅུ་དྲུག་གི་ཐོག  དགའ་མལ་དགོན་གྱི་དཔོན་སློབ་ཤེས་རབ་ཕུན་ཚོགས་མཆོག་གིས་མཚན་ལམ་དང་རྟེན་འབྲེལ་སོགས་ལ་བརྟེན་ནས་མཚན་ལ་ཤེས་རབ་ཚུལ་ཁྲིམས་སུ་གསོལ། སྐབས་ཤིག་ཏུ་སྐྱབས་རྗེ་མཆོག་མཁའ་ཡགས་མཁས་པ་མའི་ཡང་སྤྲུལ་ཡིན་ཞེས་སྐྱེ་བོ་ཀུན་ལ་གྲགས་ནའང་རིན་པོ་ཆེ་ཁོང་གིས་ངོས་བཞེས་མཛད་མེད་པ་ཡང་གསུངས།

༡༩༤༥ དགུང་གྲངས་བཅུ་བདུན་ཐོག  རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་ཤེས་རབ་རྣམ་དག་ཏུ་གསོལ། ཧོར་པ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་ཏེ་སུམ་རྟགས་དག་གསུམ་དང༌། མངོན་བརྗོད་སྙན་ངག རྩིས་དཀར་ནག མཚན་ཉིད་རིག་པའི་བསྡུས་ཚད་ཐེག་རིམ་ས་ལམ་ཕར་ཕྱིན་སོགས་ལ་གསན་བསམ་ལེགས་པར་མཛད།

༡༩༥༣ དགུང་གྲངས་ཉེར་ལྔའི་ཐོག  གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་ལ་དམ་བཅའ་བཞག་ཅིང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས།

༡༩༥༥ དགུང་གྲངས་ཉེར་བདུན་ཐོག  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཁྲོ་སྐྱབས་རྒྱལ་པོའི་རྒྱལ་ས་དྲུག་ཟུར་དུ་ཕེབས་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཤིང་དཔར་ཅན་ཚར་གཉིས་བླུས་ཏེ་གདན་ཞུས་ཀྱིས་སྐྱང་ཚང་དགོན་པའི་ནང་རྟེན་དུ་ཕུལ་ཞིང་། མཛད་བཅུ་དང་ཆོ་ག་བཅུ་གཉིས་ཁམས་ཆེན་བཅས་བླུས་ཏེ་ཡབ་ཡུམ་གྱི་དྲིན་ལན་དུ་ཡབ་གཞིས་ལྗོངས་ལྡོང་ཚང་གི་མཆོད་ཁང་དུ་རྟེན་བཞག་གནང་།

༡༩༥༦ དགུང་གྲངས་ཉེར་བརྒྱད་ཐོག  རྫ་ཨ་བྲག་བླ་མ་ཨ་ལགས་སྣང་གསལ་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་དབང་ལུང་མང་དུ་ཞུས་ཤིང༌། དེ་མཚམས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་ལམ་ལྷ་དཔོན་སློབ་ཀྱི་མདུན་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་སངས་རྒྱས་བསྟན་འཛིན་དུ་གསོལ། གྲྭ་ས་གོང་མ་གཙང་བཀྲ་ཤིས་སྨན་རི་དགོན་དུ་ཕེབས་ཏེ་སྨན་རིའི་ཁྲི་འཛིན་སུམ་ཅུ་པ་བསྟན་པ་བློ་གྲོས་མཆོག་ལ་མཇལ་ཞིང་སྐུ་མདུན་ནས་སྙན་རྒྱུད་སྐོར་བཞིའི་དབང་ལུང་ཞུས། ལོ་དེའི་ཧོར་ཟླ་བཅུ་བའི་ནང་དུ་སྟག་གྲུ་ཁ་ནས་འབྲས་བུ་སྐྱེད་ཚལ་སོགས་བརྒྱུད་ནས་ལྷ་སར་ཕེབས་ཤིང༌། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟུང་ཆུ་ཁམས་ཚན་ནས། སྒོ་མང་གྲྭ་ཚང་གི་མདོ་བ་མཁན་པོ་དང་རྒན་སྦྱིན་པ་རྒྱ་མཚོ་ཟུང་གི་སྐུ་མདུན་ནས་རྟགས་རིགས་དང༌བློ་རིག གྲུབ་དོན་ས་གསུམ་སོགས་ལ་གསན་བཞེས་མཛད་པ་ཡང་བྱུང་།

༡༩༥༩ དགུང་གྲངས་སོ་གཅིག་ཐོག  ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ལྷ་སར་ཟིང་འཁྲུགས་ལངས་ཤིང༌། ཚེས་བཅུའི་མཚན་གུང་ཙམ་དུ་ྋསྐྱབས་རྗེ་མཆོག་དང་མཁར་རྨེའུ་བསམ་གཏན་བཅས་འབྲས་སྤུངས་དགོན་པའི་རྒྱབ་རི་དགེ་འཕེལ་དབུས་རྩེ་བརྒྱུད་དེ་རྨེའུ་ཚང་གི་གདན་ས་སོགས་ལ་མཇལ་ནས་བལ་ཡུལ་ཕྱོགས་སུ་ཕེབས།

༡༩༦༠ དགུང་གྲངས་སོ་གཉིས་ཐོག  རྒྱ་གར་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བལ་བོད་ས་མཚམས་ཀྱི་གློ་ཆུ་མིག་བརྒྱ་རྩ་དང༌། ཀླུ་བྲག་དགོན། རྫོང་གསར་དགོན་པ། དོལ་པོ་ཚྭ་དགའ། རྟ་རབ་སྲིབ་ཕྱོགས། བསམ་གླིང་དགོན་པ། མཚོ་སྤུངས་མོ། བར་གླེ་སོགས་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་བོན་གྱི་ལྷ་སྡེ་དང་དགོན་སྡེ་ཁག་ཏུ་ཕེབས་ནས་དེར་བཞུགས་བླ་མ་རྣམས་ཀྱི་དྲུང་ནས་རྩ་ཆེའི་དབང་ལུང་མང་པོ་ཞུས། དེ་སྐབས་རིན་བྲལ་གྱི་གསུང་རབ་དུ་མའང་གཡར་ཞུས་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཕྲུལ་དཔར་དུ་བཏབ་པ་མ་ཟད། གསུང་རབ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་མཛད།

༡༩༦༡ དགུང་གྲངས་སོ་གསུམ་ཐོག  དབྱིན་ཇིའི་མཁས་དབང་བདེ་གསལ་དགེ་རབ་  Prof. David Snellgrove   ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་  London   གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་བསྐུལ་ཞུས་པ་བཞིན་དབྱིན་ཡུལ་དུ་ཕེབས་ཏེ། སློབ་གཉེར་ཁང་དེར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས། དབྱིན་ཡུལ་དུ་བཞུགས་སྐབས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་རིག་གཞུང་ཚོགས་འདུ་དུ་མར་ཞུགས་ཤིང༌། ཁྱད་པར་དུ་ཡེ་ཤུའི་བླ་ཆེན་ Pope Paul VI  མཆོག་ལ་མཇལ་བཅར་གྱིས་ཆོས་ལུགས་ཕན་ཚུན་གྱི་དོན་སྙིང་སྐོར་ལ་གསུང་མོལ་བགྲོ་གླེང་གནང༌།

༡༩༦༣ དགུང་གྲངས་སོ་ལྔའི་ཐོག  ཕྱིར་རྒྱ་གར་དུ་ཕེབས་ཏེ་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རི་ Mussoorie  རུ་ཡོད་པའི་བྱེས་ཀྱི་བོད་མིའི་སློབ་གྲྭ་ཐོག་མ་དེའི་དགེ་རྒན་དུ་བསྐོ་བཞག་གནང་ནས་དེར་དགེ་རྒན་གྱི་ཕྱག་ལས་གནང་ནས་རྒྱུན་རིང་བཞུགས།

༡༩༦༧ དགུང་གྲངས་སོ་བརྒྱད་ཐོག  ཁོང་གི་གྲོགས་པོ་ནུབ་ཕྱོགས་ཀྱི་བོད་རིག་པའི་མཁས་དབང་ཕེར་ཁ་ཝེར་ནེ་ Per Kvaerne  ལགས་ཀྱིས་གདན་ཞུས་ཐོག་ནོར་ཝེ་ Norway  རུ་བསྐྱོད་དེ་ཨོ་སུ་ལོ་གཙུག་ལག་སློབ་གྲྭ་ཆེན་མོ་ University of Oslo  རུ་ཞིབ་འཇུག་དང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས།

༡༩༦༨ དགུང་གྲངས་སོ་དགུ་བཞེས་ཐོག  བོན་གཞིས་ནས་རབ་ལེགས་གཡུང་དྲུང་གླིང་གི་༸མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱིས་གཙོས། ༸ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་དང༌། དཔོན་སློབ་བསྟན་འཛིན་རྣམ་དག རྩེ་དྲུག་མཁན་པོ་བརྩོན་འགྲུས་རྒྱལ་མཚན། ཕྱུག་འཚོ་མཁན་པོ་གཡུང་དྲུང་རྒྱལ་མཚན། སྤ་བླ་ཀུན་བཟང་རྒྱལ་མཚན། ཞུ་བླ་གཡུང་དྲུང་རྒྱལ་མཚན། བླ་མ་གཡུང་དྲུང་བདུད་འདུལ། སྡེ་བླ་གཡུང་དྲུང་རྣམ་རྒྱལ། དྲང་སྲོང་ཚུལ་ཁྲིམས་རྣམ་དག དྲང་སྲོང་ཚུལ་ཁྲིམས་བསམ་གཏན། དགེ་རྒན་ཤེས་རབ་གྲགས་པ། དགེ་རྒན་ཚུལ་ཁྲིམས་ཡེ་ཤེས། དབུ་མཛད་རྒྱལ་མཚན་མཆོག་ལེགས། གཞིས་འགོ་སངས་རྒྱས་རྣམ་རྒྱལ་སོགས་ཀྱིས་བོན་འབངས་སྤྱིའི་དོན་དུ་བཀའ་གྲོས་གཅིག་ཏུ་བགྲོས་ཏེ། སྐྱེས་མཆོག་དམ་པ་དུ་མའི་མཚན་བྱང་གཅིག་ཏུ་བསྡུས་ནས་ཟན་རིལ་བསྒྲིལ་བ་ལས། ༸ཞྭ་དཀར་བསྟན་པའི་བདག་ཉིད་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་ཚབ། དཔལ་རྒྱལ་བ་སྨན་རི་བའི་གསེར་གྱི་ཁྲི་འཕང་མཐོན་པོའི་མངའ་བདག་དམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་ྋསྐྱབས་རྗེ་མཆོག་ཉིད་ལ་ཟན་རྟགས་བབས་པ་ལགས་སོ། །

༡༩༦༩ དགུང་གྲངས་བཞི་བཅུའི་ཐོག  བོན་གཞིས་སུ་ཕེབས་ཤིང་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཏེ། ཕྱི་ཟླ་ ༣  ཚེས་ ༤  ཉིན་གྱི་ཞོགས་པར་གཡུང་དྲུང་གླིང་གི་མཁན་ཆེན་དང་རྩེ་དྲུག་མཁན་རིན་པོ་ཆེ་བཅས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས་ཤིང་། སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་འགྲོ་བ་སེམས་ཅན་སྤྱི་དང་། ལྷག་དོན་དུ་གཞིས་བྱེས་བོན་འབངས་ཡོངས་ཀྱི་སྤྱི་གཙུག་གི་ནོར་བུ་དང་། འདྲེན་པའི་དཔོན་གསས་བླ་མ་རུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་ནས་མཚན་དུ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སུ་གསོལ།

༡༩༧༠ དགུང་གྲངས་ཞེ་གཉིས་ཐོག  བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་“དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགོན་སྡེ་”ཕྱག་འདེབས་ཀྱིས་གཙུག་ལག་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་མཛད་དེ། གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་པ་ངལ་མེད་དུ་བསྐྱངས།

༡༩༧༢ དགུང་གྲངས་ཞེ་བཞི་བཞེས་ཐོག  དགོན་གྲོང་གཉིས་ཀྱི་མི་མང་གི་ཁེ་ཕན་ལ་དམིགས་ནས་སྨན་ཁང་གསར་པ་ཞིག་བརྒྱབ་ནས་བོན་གཞིས་སེར་སྐྱ་མི་མང་དང་ཉེ་འདབས་ཀྱི་རྒྱ་གར་གྲོང་མི་སོགས་ལ་ཕན་རླབས་ཆེ་བར་བྱུང་།

༡༩༧༥ དགུང་གྲངས་ཞེ་བདུན་ཐོག་ “བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་མོའི་སློབ་གྲྭ་”ཞེས་པ་རྒྱ་གར་དབུས་གཞུང་ནས་གཟིགས་རྟོག་ཡོད་པའི་སློབ་གྲྭ་དེ་གསར་དུ་བསྐྲུན་ཞིང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་སླེབས་པའི་བོན་ཕྲུག་ཉམ་ཐག་དང་དྭ་ཕྲུག་སྟོང་ཕྲག་རྣམས་བསྡུས་ནས་“བོན་ཕྲུག་བདེ་དོན་”ཞེས་པའི་ཚོགས་སྡེ་བཙུགས་ཏེ་བོན་གྱི་རིག་གཞུང་དང་དེང་རབས་ཤེས་ཡོན་སྦྱོང་བའི་སྐལ་པ་བསྩལ།

༡༩༧༨ དགུང་གྲངས་ལྔ་བཅུའི་ཐོག ཟླ་ ༡༠  ཚེས་ ༡༢  ཉིན་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་༸སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་“གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་”དུ་བཀའ་ཤག་ནས་ངོས་བཞེས་ཀྱི་བཀའ་ཡིག་བསྩལ་གནང་ཞིང་། ལོ་དེར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་”གསར་དུ་བཙུགས་ཤིང་ཐུན་མིན་གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་བྱས་ཏེ་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་འབུལ་བའི་བཅའ་སྒྲིག་སོགས་གཏན་འབེབས་མཛད་ནས་ད་བར་དགེ་བཤེས་གཉེན་གྲངས་བརྒྱ་ལྷག་ཟིན་ཡོད།

༡༩༧༩ དགུང་གྲངས་ང་གཅིག་བཞེས་ཐོག རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ 2nd International Association of Tibetan Studies  ཐེངས་གཉིས་པ་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཨོག་སི་ཕོར་ཌི་མཐོ་སློབ་ University of Oxford  ཏུ་མགྲོན་འབོད་ཀྱིས་ཚོགས་ཞུགས་གནང་། དེ་ནི་བོད་ཀྱི་དགེ་འདུན་པ་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ལ་ཞུགས་མཁན་ཐོག་མ་དེ་ཡང་ཁོང་ཡིན་པར་བཤད།

༡༩༨༧ དགུང་གྲངས་ང་དགུའི་ཐོག  སྨན་རིའི་ཁྲི་འཛིན་རིམ་བྱོན་རྣམས་ཀྱིས་རང་གི་སྐུ་ཐོག་ལ་སྒྲུབ་ཆེན་རེ་ཚོགས་སྲོལ་ཡོད་པ་བཞིན་ལོ་དེར་༧སྐྱབས་རྗེ་མཆོག་གིས་“ཁྲོ་བོ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་”བཙུགས་ནས་བྱིན་རླབས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཁྱབ་པར་མཛད། ལོ་དེར་རིན་པོ་ ཆེ་མཆོག་གི་བཀའ་དགོངས་ལྟར་<<བོན་སྒོ་>>ལོ་དེབ་དང་པོ་བླ་ཁྲི་ཉི་མ་གྲགས་པས་གཙོ་སྒྲིག་འོག སྐུ་ཡི་དབོན་པོ་རྒྱལ་བཙན་ཚང་མཁས་གྲུབ་རྒྱ་མཚོས་སྦྱིན་བདག་གནང་ཞིང་ཐོག་མར་གསར་སྐྲུན་བྱས། གཞན་ཡང་འདི་ལོར་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་ཁང་གི་འགན་འཛིན་ལྷན་ཚོགས་དང་བཀའ་བགྲོས་མཛད་དེ་ལོ་དེར་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་སྡེ་ཚན་འཛུགས་ཆོག་པའི་ངོས་བཞེས་གནང་ནས་ལོ་གཉིས་རྗེས་སུ་དངོས་སུ་བཙུགས་གནང་།

༡༩༨༨ དགུང་གྲངས་དྲུག་ཅུའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་གདན་འདྲེན་ཞུས་ཏེ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་འབྲས་རྟགས་རྣམས་སྤྱན་སྔར་བསྟར་བས་༧གོང་ས་༧མཆོག་གིས་ཐུགས་སྣང་ཆེན་པོས་ཞིབ་གཟིགས་ཀྱིས་དགྱེས་ཉམས་དང་བཅས་འདི་ནས་བསླབ་པ་མཐར་སོན་པའི་དགེ་བཤེས་རྣམས་ལ་ངོས་བཞེས་ཕྱག་རྟགས་བསྩལ་རྒྱུའི་ཞལ་བཞེས་ཀྱང་ཐོབ།

གཞན་ཡང་འདི་ལོར་ཕྱོགས་མཐའ་ནས་སླེབས་པའི་བོན་ཕྲུག་ཕོ་མོ་དབྱེར་མེད་བཞུགས་ཡུལ་“བོན་བུ་ཁྱིམ་ཁང་”ཞེས་པ་ཡང་གསར་དུ་བཙུགས་གནང་།

༡༩༩༢ དགུང་གྲངས་རེ་བཞིའི་ཐོག  རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་ཉིན་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་མཆོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད་ཅིང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་སྨན་རིའི་ཡོངས་འཛིན་ཞེས་པའི་མཚན་བཏགས་གསོལ་གནང་། འདི་ལོར་༧སྐྱབས་རྗེ་མཆོག་གི་ལམ་སྟོན་འོག་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ཞེས་པ་གསར་དུ་བཙུགས་གནང་མཛད།

༡༩༩༤ དགུང་གྲངས་རེ་དྲུག་ཐོག  ༸སྐྱབས་རྗེ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་བོན་གྱི་གྲྭ་ས་གོང་མ་གཙང་༧བཀྲ་ཤིས་སྨན་རི་དགོན་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གྱིས་རྟེན་འབྲེལ་མཛད་ཅིང༌། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་དབང་ལུང་མན་ངག་གི་གདམས་པ་མང་དུ་གནང་སྟེ་སྐྱེ་འགྲོའི་ཡིད་ཀྱི་ཞིང་སར་ཐར་པའི་ས་བོན་ཡོངས་སུ་བསྐྲུན།

༡༩༩༦ དགུང་གྲངས་རེ་བརྒྱད་བཞེས་ཐོག བོད་གངས་ཅན་ལྗོངས་སུ་ཐེངས་གཉིས་པར་ཆིབས་བསྒྱུར་གནང་། དེ་དུས་གདན་ས་སྨན་རི་དང་གཡུང་དྲུང་གླིང་། ཁྱུང་པོ་རི་རྩེ་དྲུག་དང་སྟེང་ཆེན་དགོན་སོགས་དང་ཧོར་ཀླུ་ཕུགས་དང་སྤ་ཚང་དགོན། སྤུ་བླ་དགོན་སོགས་ལ་ཕེབས། གཉན་རོང་རྫོང་ཁོངས་ནས་སོག་སྡེ་བོན་དགོན་སོགས་ལ་ཕེབས། འཁྲུངས་ཡུལ་ཟིང་ཆུ་ལ་ཕེབས་ནས་དགོན་པ་ཆེ་ཆུང་ཁག་ཚང་མ་ལ་ཕེབས་གནང་མཛད་དེ་འགྲོ་དོན་རྒྱ་ཆེན་བྱུང་།

༡༩༩༧ དགུང་གྲངས་རེ་དགུའི་ཐོག  ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་“གཡས་རུའི་འཆད་རྩོད་ཆེན་མོ་”དབུ་འཛུགས་གནང་སྟེ། དགུན་ཟླ་གཅིག་གི་རིང་དམིགས་བསལ་གཡས་རུའི་སྟོན་པ་རྣམས་ཀྱིས་མཛད་པའི་ཚད་མའི་གཞུང་ལུགས་ཁག་ལ་འཆད་ཉན་མཛད་རྒྱུའི་སྲོལ་རྒྱུན་བཙུགས།

༢༠༠༡ དགུང་གྲངས་དོན་གསུམ་ཐོག རྗེ་རུ་དགེ་བཤེས་བསྟན་པ་གཡུང་དྲུང་མཆོག་བལ་ཡུལ་༸དཔལ་ཁྲི་བརྟན་ནོར་བུ་རྩེའི་དགོན་གྱི་མཁན་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་གནང་། ལོ་དེར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་སུ་བཙུན་དགོན་“རདྣ་སྨན་གླིང་”ཕྱག་བཏབས་གནང་།

༢༠༠༣ དགུང་གྲངས་དོན་ལྔ་བཞེས་ཐོག སྨན་རིའི་གླིང་དུ་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་རྒྱ་ཆེན་སྤེལ་ཤིང་། ལོ་དེའི་དགུན་ཁར་བོན་ཕྱི་ནང་གཉིས་ཀྱིས་སློབ་འབངས་ཡོངས་ཀྱི་རེ་དོན་བཞིན་ཡི་དམ་ཕྱི་ནང་གསུམ་གྱི་བཀའ་དབང་རྒྱས་པར་བསྩལ་གནང་མཛད།

༢༠༠༤ དགུང་གྲངས་དོན་དྲུག་བཞེས་ཐོག ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ Vishnu Sadhashiv Kokje  མཆོག་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འབོད་ཞུས། ཕྱི་ཟླ་ ༦ པར་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བོད་གངས་ཅན་ལྗོངས་སུ་བསྟན་འགྲོའི་མཛད་འཕྲིན་ཆིབས་བསྒྱུར་ཐེངས་གསུམ་པ་བསྐྱངས་ནས་མཛད་འཕྲིན་བླ་མེད་བྱུང་།

༢༠༠༥ དགུང་གྲངས་དོན་བདུན་བཞེས་ཐོག  བོན་གཞིས་སུ་“གསང་སྔགས་སྒོམ་སྒྲུབ་གླིང་”ཕྱག་བཏབས་གནང་པ་དང་། ༢༠༡༡ ལོར་ལེགས་འགྲུབ་བྱུང་ནས་ད་ལྟ་བོན་གཞིས་དགེ་བསྙེན་སྔགས་པ་རྣམས་ཀྱིས་དགེ་སྒྲུབ་བཞུགས་གནས་དང་། བོན་གྱི་དུས་ཆེན་ཁག་སྲུང་བརྩི་ཞུ་བཞིན་ཡོད།

༢༠༠༧ དགུང་གྲངས་དོན་དགུའི་ཐོག ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། འགྲེམ་སྟོན་ཁང་དང་། ཚོམ་ཆེན་ཁང་། ཉམས་ཞིབ་དང་། རྩོམ་སྒྲིག པར་སྐྲུན སྒྲ་སྙན་སོགས་སྡེ་ཚན་ཕུན་སུམ་ཚོགས་པའི་“གཡུང་དྲུང་བོན་གྱི་དཔེ་མཛོད་ཆེན་མོ་”ཡོངས་སུ་བཞེངས་བསྐྲུན་གྲུབ་སྟེ་༸གོང་ས་མཆོག་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་འདྲེན་ཞུས་ཤིང་། དཔེ་མཛོད་དུ་བོན་བན་ཟུང་གི་བཀའ་འགྱུར་དང་བརྟེན་འགྱུར་གྱིས་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་གསུང་རབ་ཕུན་སུམ་ཚོགས་པར་འཛོམས་པ་ལ་༧གོང་ས་༧མཆོག་གིས་ཐུགས་དགྱེས་མཉེས་ཆེན་པོས་གསུང་གི་བསྟོད་བསྔགས་ཡང་ཡང་གནང་།

༢༠༠༨ ལོར་དགུང་གྲངས་བརྒྱད་ཅུ་བཞེས་ཐོག  ༸དཔལ་ལྡན་སྨན་རིའི་བླ་བྲང་ནས་སྒྲུབ་ཆེན་ཐེངས་གཉིས་པ་དབལ་ཕུར་ཞི་ཁྲོ་གཉིས་དང༌། བདུད་རྩི་འོད་ཟེར་འབར་བའི་སྒྲུབ་ཆེན་རྒྱས་པ་ཚོགས་གནང་མཛད།

༢༠༡༠ དགུང་གྲངས་གྱ་གཉིས་ལ་བཞེས་ཐོག ཡུ་རོབ་གླིང་ཆེན་གྱི་ཧྥ་རན་སི་ France  རྒྱལ་ཁབ་ནང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱག་བཏབས་གནང་བའི་གཡུང་དྲུང་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་གི་བླ་སློབ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། གཤེན་བསྟན་དར་རྒྱས་གླིང་དུ་ཆིབས་བསྒྱུར་གནང་སྟེ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཞལ་འཛོམས་ཀྱིས་བསྟན་དོན་ལ་བཀའ་མོལ་ཟབ་རྒྱས་གནང་།

༢༠༡༡ དགུང་གྲངས་གྱ་གསུམ་བཞེས་ཐོག སྐྱབས་རྗེ་མཆོག་གི་བཀའ་དགོངས་ལྟར་“གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་”ཞེས་པ་ཞིག་གསར་འཛུགས་དང་དབུ་འབྱེད་གནང་ནས་འཛམ་གླིང་ཀུན་ལ་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་དང་བོན་གྱི་རིག་གཞུང་གནས་ཚུལ་སོགས་ངོ་སྤྲོད་ཞུ་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

༢༠༡༣ དགུང་གྲངས་གྱ་ལྔ་ཐོག ༸སྒྲུབ་རྒྱུད་བསྟན་པའི་མངའ་བདག་༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་༸གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གདན་འདྲེན་ཞུས་ཤིང་ཐུགས་བརྩེ་བ་ཆེན་པོས་བཀའ་མོལ་གནང་ཞིང་སྨན་རིའི་གླིང་གི་ཕྱི་ནང་རྟེན་དང་བརྟེན་པ་ཐམས་ཅད་སྤྱན་འབུལ་ཞུས་ནས་རྒྱལ་དབང་ཀརྨ་པས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་།

འདི་ལོར་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བ་དང་སྟབས་བསྟུན། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་བསླབ་གསུམ་འདུས་མང་ཡོངས་ནས་ཇི་ལྟར་གསོལ་བ་བཏབས་དོན་བཞིན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་བསྟན་དོན་ལ་སྨན་པའི་བཀའ་བགྲོས་བླ་མེད་མཛད།

ཕྱི་ཟླ་བཅུ་པའི་ཚེས་ ༡༨ ཉིན་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༡༦ ཉིན་བར་ཏེ་ཟླ་བ་གཅིག་ཙམ་གྱི་རིང་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཀའ་དབང་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་ལྟར་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་བོན་ཕྱི་ནང་གསང་གསུམ་གྱི་ཡི་དམ་རབ་འབྱམས་རྒྱ་མཚོ་ལས་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་ནང་རྒྱུད་གསང་སྔགས་ཡི་དམ་གསས་མཁར་མཆོག་ལྔའི་བཀའ་དབང་བཅས་ཀྱི་བཀའ་དྲིན་བསྩལ།

༢༠༡༤ དགུང་གྲངས་གྱ་དྲུག་ཐོག  བོན་གཞིས་སུ་“གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་”གསར་འཛུགས་གནང་ཞིང་ལོ་དེར་རྒྱུན་ལས་དང་འགན་འཛིན་ལྷན་ཚོགས་སོགས་བཀོད་ཅིང་། ད་བར་སྨན་པ་ཀ་བཅུ་པ་སྐབས་གསུམ་ཐོན་ཟིན་ཞིང་། ད་ལྟའི་ཆར་སློབ་ཕྲུག་ཀྱང་གྲངས་ཉི་ཤུ་ལྷག་ཙམ་ཡོད་པ་མ་ཟད་ངྷ་སའི་དབུས་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་ཚད་ལྡན་དེབ་སྐྱེལ་ཡང་ཞུས་ཟིན་པ་ལྟར་ཡིན།

༢༠༡༥ དགུང་གྲངས་གྱ་བདུན་བཞེས་ཐོག ཧོར་ཟླ་བདུན་པ་སྟེ། ཕྱི་ཟླ་བརྒྱད་པའི་ནང་ནས་སྙུང་གཞིའི་ཚུལ་བསྟན་པ་དང་སྐབས་དེར། སྨན་རིའི་གྲྭ་ཚང་ནས་ཡི་དམ་དབལ་ཕུར་གྱི་ཚོགས་འཁོར་རྒྱས་འབུལ་དང་། མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་སོགས་སྐུ་ཕྱའི་ཞབས་རིམ་གང་རྒྱས་ཞུས།

༢༠༡༦ དགུང་གྲངས་གྱ་བརྒྱད་བཞེས་ཐོག གཡུང་དྲུང་བོན་གཤེན་གླིང་གི་གོ་སྒྲིག་འོག་བོན་ཚོགས་དེའི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་འགན་བཞེས་ཀྱིས་ཨ་རིའི་སྨན་ཁང་སོགས་ལ་བསྟེན་གཏུགས་སུ་ཆིབས་བསྒྱུར་གནང་མཛད་ཅིང་ཞོར་དུ་ནུབ་ཕྱོགས་ཁག་གི་སློབ་མ་རྣམས་ལ་བཀའ་དབང་བསྩལ་གནང་། ལོ་དེའི་སྨྲ་སེང་སྒྲུབ་ཆེན་སྐབས་ཀྱི་ཉིན་བདུན་པའི་ཉིན་༧སྐྱབས་རྗེ་མཆོག་གིས་བོན་གཞིས་སེར་སྐྱ་ཡོངས་ལ་ཤེས་རབ་སྨྲ་སེང་གི་བཀའ་དབང་བསྩལ་གནང་།

༢༠༡༦ དགུང་གྲངས་གྱ་བརྒྱད་བཞེས་ཐོག  ལོ་དེའི་ཕྱི་ཟླ་ ༡༡ པའི་ཚེས་ ༡ སྐུའི་བླ་གཟའ་མིག་དམར་ཉིན། གཞིས་བྱེས་དད་འབངས་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཞིང་། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཀྱང་བཀའ་སློབ་དང་བཀའ་ལུང་དབང་ཁྲིད་མི་ཉུང་བ་བཀའ་དྲིན་བསྩལ་གནང་མཛད།

༢༠༡༧ དགུང་གྲངས་གྱ་དགུ་བཞེས་ཐོག བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༤ བོད་ཟླ་བདུན་པའི་ཚེས་པ་ ༢༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦།༢༥ ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ། ཁྱད་པར་འཕགས་པའི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཟིགས་གནང་མཛད།

སྐུ་ཞི་བར་མ་གཤེགས་པའི་ཉིན་གསུམ་གྱི་སྔོན་དུ་ཁོང་གིས་ཆེད་མངགས་ཀྱིས་སློབ་ཕྲུག་རྣམས་སྐད་བཏང་ཏེ་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་ཕོ་མོ་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་གནང་ཞིང་མངར་མོ་སོགས་གསོལ་བསྩལ་གནང་། ཕྱི་ཉིན་བླ་བྲང་ཕྱི་འཁྱམས་སུ་ཕེབས་ནས་བོན་གཞིས་མི་མང་རྒན་གཞོན་ཕོ་མོ་ཡོངས་ལ་ཕྱག་དབང་གནང་ཞིང་དགྱེས་བརྩེས་མཛད། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་བླ་གྲྭ་ཡོངས་ལ་མཇལ་ཁ་གནང་ཡོད་པ་སོགས་ཀྱི་མཛད་འཕྲིན་བསམ་ཡུལ་ལས་འདས་པ་བྱུང་།

མདོར་ན་མགོན་པོ་མཆོག་ཉིད་དགུང་གྲངས་ ༨༩  ལ་ཕེབས་པའི་བར་དུ་བོད་ཕྱི་ནང་གཉིས་དང་འཛམ་གླིང་ཤར་ནུབ་ཁག ཁྱད་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོན་འབྲེལ་རྒྱ་ཆེར་བསྐྱངས་པ་དང༌། བོན་འབངས་གཞོན་སྐྱེས་ཀུན་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བསྩལ་ཞིང༌། དེ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་བརྒྱ་ཕྲག་ལས་བརྒལ་བར་རབ་འབྱམས་པའི་མཚན་བཏགས་བསྩལ་ཏེ་རྒྱ་བལ་བོད་གསུམ་ཀུན་ཏུ་དགོན་པའི་མཁན་པོ་དང༌། སློབ་དཔོན་སོགས་མངགས་གཏོང་མཛད་ཅིང༌། ནུབ་ཕྱོགས་རྒྱལ་ཁབ་རྣམས་སུའང་བོན་ཚོགས་དང་དགོན་པ་འདྲ་མིན་གྱི་དབུ་ཁྲིད་དང༌མཁན་པོ། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། ཞིབ་འཇུག་པའི་མཁས་དབང་སོགས་སྐྱེད་བསྲིང་མཛད་ཡོད་པ་དང་། ༧དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ཡང་ཞྭ་དཀར་བསྟན་པའི་རིང་ལུགས་འཛིན་པའི་བུ་སློབ་ཕྱོགས་མཐའ་ཁག་ནས་ཕེབས་པའི་བུ་སློབ་སྟོང་ཕྲག་མང་པོ་གསོ་སྐྱོང་མཛད་གནང་ཡོད་པ་སོགས་བཀའ་དྲིན་གཞལ་དུ་མེད། གཞན་ཡང་བཀའ་རྩོམ་གྱི་སྐོར་ལའང་བོན་གྱི་བསྟན་རྩིས་ཀུན་བཏུས་དང༌། བསྟོད་ཚོགས་སྣ་ཚོགས། ཆོ་ག་ཁག་གི་ཟིན་བྲིས་སོགས་དུ་མ་བཞུགས་ཡོད་པ་བཅས།

རྩ་བའི་བླ་མ་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་གི་མཛད་རྣམ་སྙིང་བསྡུས་འདི ༢༠༡༧ ལོར་སྨན་རིའི་བཀའ་རམས་པ་ཁྲི་གཡུང་དྲུང་ནས་བྲིས་གནང་བ་དེར་ཁ་གསབ་དང་ལེགས་བཅོ་རེ་འགའ་བགྱིས་ཏེ་སྤེལ་བའོ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་གི་རྩོམ་སྒྲིག་པ་གཡུང་དྲུང་ཉི་མས། ༢༠༢༣། ༩། ༨།འདས་མཆོད་ཉིན།