གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་། འབྱུང་ལྡན་ ༣༠༡ བོད་ཆུ་ཡོས་ལོའི་བོད་ཟླ་ ༨ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༩ པའི་སྤྱི་ཚེས་ ༢༣ དང་། བོད་ཟླ་ ༠༩ པའི་བོད་ཚེས་ ༠༨ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ དང་ཕྱེད་ཀའི་ཐོག ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག  སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་ྲ བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཀྱིས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་བ་ ༨ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།

བཀའ་རམས་པ་ཤེས་རབ་གྲགས་པ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་ཤེས་རབ་གྲགས་པ་ལགས་ཀྱིས་《དབལ་ཕུར་བོན་སྐོར་ངོ་སྤྲོད་དང་འབྲལ་བའི་གཏམ་》ཞེས་པའི་བརྗོད་གཞིའི་ཐོག དང་པོ།སྟོན་པ་གང་གིས་གསུངས་པ་དང་། གནས་གང་དུ་གསུངས་པ། གང་ཟག་གང་ལ་གསུངས་པ། དེ་ནས་ཡུལ་ཆེན་གང་ལ་དར་བའི་སྐོར་དང་། གཉིས་པ། བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་དང་། སྙན་རྒྱུད་བཀའ་མ་གསུམ་ལས་གང་དང་གང་ཡིན་མིན་དང་། གཏེར་གནས་མི་འདྲ་བ་གང་ཙམ་ལས་ཕུར་པའི་ཕྱག་དཔེ་ཐོན་པའི་སྐོར། གསུམ་པ། ད་ལྟི་ཆར་མཇལ་ཡུལ་དུ་བཞུགས་པའི་ཕུར་པའི་བོན་སྐོར་རྣམས་གང་དང་གང་ཡིན་མིན་དང་། དེ་དག་གི་རྒྱུད་རིམ། ད་ལྟའི་ཆར་ལག་ལེན་གྱི་རྣམ་བཞག བཞི་པ། བྱུང་རིམ་རྣམས་ལ་སྤྱི་ཡོངས་ནས་དོགས་གནས་བྱུང་རིགས་ལ་དོགས་བསལ་བཅས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་ཤེས་རབ་སྐལ་བཟང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་ཤེས་རབ་སྐལ་བཟང་ལགས་ཀྱིས《པོ་ཏིའམ་གླེགས་བམ་དང་འབྲེལ་བའི་ཁྱད་བོན་སྐོར་རག་ཙམ་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག ས་བཅད་དང་པོ། གླེགས་བམ་ཞེས་པའི་མཚན་དོན་དང་རྣམ་གྲངས། ས་བཅད་གཉིས་པ། གླེགས་བམ་གྱི་ཁྱད་བོན་བཅུ་གསུམ་སྐོར། ས་བཅད་གསུམ་པ། ཆོས་ལུགས་གཞན་པའི་སྐོར། ས་བཅད་བཞི་པ།  གླེགས་བམ་བཞེངས་སྐབས་ཀྱི་སྐྱོན་ཡོན་སྐོར། ས་བཅད་ལྔ་པ། ཐ་མ་རང་གི་ཀུན་སློང་བཅས་སྡེ་ཚན་ལྔ་ཡི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

སློབ་གཉེར་བ་དབང་ལྡན་ལེགས་པོ་ལགས་ནས་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་དབང་ལྡན་ལེགས་པོ་ལགས་ནས་《སྐྱབས་འགྲོའི་སྐོར་ལ་》༡ སྐྱབས་སུ་འགྲོ་བའི་རྒྱུ། ༢ སྐྱབས་འགྲོའི་ངོ་བོ། ༣སྐྱབས་འགྲོའི་དབྱེ་བ། ༤སྐྱབས་འགྲོའི་ཡུལ་གྱི་རང་བཞིན། ༥ སྐྱབས་འགྲོའི་བསླབ་བྱ། ༦སྐྱབས་སུ་མ་སོང་བའི་སྐྱོན། ༧སྐྱབས་སུ་སོང་བའི་ཕན་ཡོན་བཅས་སྡེ་ཚན་བདུན་གྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་།

དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་ ༨ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།