གཡུང་དྲུང་བོན་གྱི་དྲྭ་རྒྱ།

འཆར་ལོ་ ༢༠༢༤ ལོའི་དཔལ་གཤེན་བསྟན་སྨན་རིའི་སྒྲུབ་ཆེན་“སྨན་སྒྲུབ་འོད་ཟེར་འཁྱིལ་བའི་”སྒྲུབ་གཤེན་པ་བཀོད་བཞག་མཛད་པའི་སྐོར།

འབྱུང་འགྱུར་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༡  ཤིང་འབྲུག སྤྱི་ལོ་ ༢༠༢༤ ལོར་རྒྱལ་བ་སྨན་རིའི་སྒྲུབ་ཆེན་གཡེར་པོ་ཆེ་“སྨན་སྒྲུབ་འོད་ཟེར་འཁྱིལ་བ་”འཚོགས་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར།

དེ་རིང་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༩ ཚེས་ ༨། བོད་ཟླ་ ༧ པའི་ཚེས་ ༢༤ རྩ་བའི་བླ་མ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་མོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་པོ་ ༦ འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ། ལོ་རྗེས་མ་དཔལ་གཤེན་བསྟན་སྨན་རིའི་སྒྲུབ་ཆེན་“སྨན་སྒྲུབ་འོད་ཟེར་འཁྱིལ་བའི་”སྒྲུབ་གཤེན་པ་ ༢༤  ལ་༸རྒྱལ་བ་སྨན་རིའི་བླ་བྲང་ནས་སྒྲུབ་པའི་གཤེན་པོའི་མཚན་གསོལ་ཞིང་། རྟེན་འབྲེལ་གྱི་གསོལ་ཇ་དང་། བཀྲ་ཤིས་ཁ་བཏགས་བཅས་གསོལ་བསྩལ་གནང་སོང་།

དེ་ཡང་སྔ་དྲོའི་དུས་ཚོད་ ༡༠། ༣༠ ཐོག་སྒྲུབ་གཤེན་པ་རྣམ་པ་དང་གྲྭ་ཚང་གཉེར་པ་བཅས་༸རྒྱལ་བ་སྨན་རིའི་བླ་བྲང་དུ་མགྲོན་འབོད་གནང་ཐོག ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེས་བྱིན་མདུད་དང་མགུལ་དར་བསྒྲོན་ཏེ། “སྤྱིར་སྔ་མའི་ལམ་ལུགས་ནང་སྨན་རིའི་སྒྲུབ་ཆེན་གྱི་སྒྲུབ་པའི་གཤེན་པོ་མི་ ༡༢ རེ་བཀོད་བཞག་གནང་སྲོལ་ཡོད་སྐད་འདུག འོན་ཀྱང་ད་ལྟའི་ཆར་དགེ་འདུན་མང་ཚོགས་ཀྱི་ཞལ་གྲངས་གང་མཚམས་ཡོད་ཙང་། སྒྲུབ་གཤེན་པ་ ༢༤ བཞག་ཡོད། རྣམ་པ་ཚོའི་ངོས་ནས་ཀྱང་སྨན་རིའི་སྒྲུབ་ཆེན་གྱི་སྒྲུབ་པ་འདུག་རྒྱུའི་གོ་སྐབས་ལྡན་པ་དེ། རང་ཉིད་ཀྱི་བསོད་ནམས་དང་རྟེན་འབྲེལ་ཡིན་བསམ་པའི་ངང་ནས། གང་ས་ཅིའི་ཐད་ནས་ཡག་པོ་གནང་གི་རེད་ལ། གནང་རོགས་གྱིས།”  “ང་ཚོ་ལ་མ་བསྒྲིགས་རྟེན་འབྲེལ་རང་འགྲིག་མང་པོ་ཡོང་གི་འདུག ད་ལན་ང་ཚོའི་སྒྲུབ་ཆེན་དེ་ཡང་འབྲུག་གི་ལོ་དང་འབྲུག་གི་ཟླ་བ་ཁེལ་བ་མ་ཚད་འགོ་ཚུགས་པའི་ཉིན་མོ་དེ་ཡང་འབྲུག་རེད། འབྲུག་གསུམ་འཛོམས་རེད་འདུག སྒྲུབ་གཤེན་པའི་མཚན་ཀྱང་གཡས་མཐའ་གཡོན་མཐའ་གཉིས་ཀ་བཤད་སྒྲུབ་མཚན་ཅན་གཉིས་ཁེལ་འདུག འདི་ཚོ་དམིགས་ཀྱིས་བསྒྲིགས་པ་གང་མ་རེད། རང་བཞིན་གྱིས་འགྲིག་པ་རེད། ང་ཚོ་རྟེན་འབྲེལ་བརྩི་མཁན་རེད་བ། སང་ཙང་དེ་ཚོ་རྟེན་འབྲེལ་རེད་བསམ་པ་བྱུང་།” ཞེས་སོགས་ལམ་སྟོན་གྱི་བཀའ་སློབ་གསོལ་བསྩལ་མཛད།

 གཞན་ཡང་སྒྲུབ་གཤེན་པ་རྣམས་ལ། སྒྲུབ་པའི་སྐབས་ཉེ་བར་མཁོ་བའི་བློ་འཛིན་དགོས་རིགས་ཕྱོགས་བསྡུས་བྱས་པའི་ཕྱག་དཔེ་རེ་རེ་ཕུལ་ཞིང་། མཐར་སྨན་རིའི་བླ་བྲང་རྙིང་པའི་”གཟིམས་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་”གི་མདུན་༸སྐྱབས་རྗེ་སྨན་རི་བ་དང་། སྒྲུབ་གཤེན་པ། སྒྲུབ་ཆེན་གྱི་མཆོད་དཔོན་གཡོག་གཉིས། གྲྭ་ཚང་གཉེར་པ་བཅས་ལྷན་པར་བསྒྲོན་གནང་ཡོད་པ་བཅས། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། གོང་ཚེས་ཉིན།

བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་༢༠༢༤ལོར་གདན་ས་༧སྨན་རིའི་གླིང་དུ་འཚོགས་རྒྱུ་ཡིན་པའི་གལ་ཆེའི་གསལ་བརྡ་ལ་གཟིགས

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

འཆར་ལོ་ ༢༠༢༤ ལོའི་དཔལ་གཤེན་བསྟན་སྨན་རིའི་སྒྲུབ་ཆེན་“སྨན་སྒྲུབ་འོད་ཟེར་འཁྱིལ་བའི་”སྒྲུབ་གཤེན་པ་བཀོད་བཞག་མཛད་པའི་སྐོར།