གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་པོ་༦ འཁོར་བའི་དུས་ཆེན་འཚོགས་པ།

དེ་རིང་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་དཔོན་གསས་བླ་མ་དམ་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཆེན་པོ་མཆོག་སྤྱི་ལོ་ ༢༠༡༧ བོད་མེ་བྱ་ལོའི་བོད་ཟླ་ ༧ པའི་ཚེས་པ་ ༢༤ ཉིན་ཐུགས་དམ་གཡོ་བ་མེད་པའི་ངང་སྐུ་མི་རྟག་མྱ་ངན་འདས་ཚུལ་བསྟན་ནས་ད་བར་མི་ལོ་ཧྲིལ་པོ་ ༦ འཁོར་བའི་དུས་ཆེན་ཁྱད་པར་ཅན་འཁེལ་ཡོད་པ་ལྟར་རྒྱལ་ཁབ་ཕྱི་ནང་གང་སར་གནས་པའི་བོན་འབངས་རྣམས་དང་། དད་ལྡན་པ་ཡོངས་ཀྱིས་རིན་པོ་མཆོག་གི་འདས་མཆོད་ སྲུང་བརྩི་བྱས་ཡོད་འདུག་ལ། འདི་ག་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་མདོ་གཡུང་དྲུང་ཀློང་རྒྱས་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་གསུངས་གནང་ཡོད་པ་རེད།

དེ་ཡང་ཁ་སང་སྟེ་ཉིན་དང་པོའི་ཞོགས་པའི་ཆུ་ཚོད་ ༥།༠༠ ནས་བཟུང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་དབུ་ཚུགས་གནང་ཡོད་པ་དང་། ཕྱོགས་བཅུའི་བདེར་གཤེགས་སྟོང་གི་མཚན་བརྗོད་ཅིང་།

ཉིན་གཉིས་པ་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་སྐྱབས་རྗེ་མཁན་རིན་པོ་ཆེ་གཙོས་འདུས་མང་སེར་སྐྱ་ཡོངས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་གླིང་སྐོར་སེར་ཕྲེང་དུ་ཕེབས་ཡོད་ཅིང་།

ཕྱིར་ཚོགས་ཁང་འཆམ་རར་ཕེབས་མཚམས་གཤེན་རབ་མཆོད་རྔ་སྙན་པའི་དབྱངས་ཀྱི་མཆོད་པ་ཕུལ་རྗེས། འདུས་མང་ཡོངས་ཚོགས་ཁང་དུ་ཕེབས་ནས་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་གསོལ་འདེབས་དབྱངས་སུ་གྱེར་ཡོད་པ་རེད།

གཞན་ཡང་སྔ་དྲོའི་དུས་ཚོད་ ༡༠ པའི་ཐོག་བོན་གཞིས་སཾ་བྷོ་ཊ་ཉིན་སློབ་ནས་ཀྱང་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དང་སློབ་གྲྭའི་སློབ་སྤྱི་སོགས་ཀྱི་གོ་སྒྲིག་འོག ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་འདས་མཆོད་ཁྱད་པར་ཅན་དང་བསྟུན། མཆོད་འབུལ་སྨོན་ལམ་དང་། སློབ་གྲྭའི་ནང་ལོ་འཁོར་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་གོ་སྒྲིག་ཞུས་གནང་འདུག

དགོང་མོའི་ཕྱག་ཚོད་ ༧།༣༠ ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་རིན་པོ་ཆེ་དབུས་བོན་གཞིས་སེར་སྐྱ་མི་མང་ཡོངས་༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་ཕེབས་ནས་རིན་ཆེན་རྫས་ཀྱི་མཆོད་པ་རྣམ་ལྔ་དང་མ་འདལ་སོགས་མཆོད་པ་ཇི་སྙེད་སྤུངས་ཤིང་། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བའི་ཚིག་བཤད་དབྱངས་སུ་གྱེར་ནས་སྣང་གསལ་སྒྲོན་མེའི་མཆོད་སྤྲིན་ཕུལ། མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་༧སྐྱབས་རྗེ་དཔོན་གསས་བླ་མ་དམ་པའི་གསོལ་འདེབས་གྲུབ་རྗེས།         

འདུལ་ཁང་དང་། སྒྲུབ་ཁང་། བླ་བྲང་བཅས་སུ་རིམ་པར་གཤེན་རབ་མཆོད་རྔའི་སྒྲ་དབྱངས་ཀྱི་མཆོད་པ་ཕུལ་ནས་སེར་སྐྱ་མི་མང་ཡོངས་༧སྐྱབས་རྗེ་དཔོན་གསས་བླ་མ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་༽དུ་བཞུགས་པའི་སྐུ་གདུང་སོགས་ལ་མཇལ་ཁ་གྲུབ་རྗེས་བཀྲ་ཤིས་གསོལ་ཇ་མཆོད་ནས་མཛད་སྒོ་མཇུག་གྲུབ་ཡོད་པ་རེད།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པའི་རྣམ་ཐར།