གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐབས་ཞེ་བཞི་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་གསར་བདམས།

དེ་རིང་བོད་ཆུ་ཡོས་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༣ ཟླ་བ་ ༩ པའི་ཚེས་པ་ ༡༣ ཉིན་གྱི་ཕྱི་དྲོར། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༣ པའི་གཡུང་དྲུང་བོན་གྱ་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་ལས་ཡུན་གཙང་རྗེས་སྐབས་ ༤༤ པའི་རྒྱུན་ལས་ཀྱིས་རྩིས་ལེན་དང་། ལས་ཁུར་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་འཕགས་ཡུལ་བྱང་རྒྱུད་ཧི་མ་ཅལ་དུ་གནས་བཅས་པའི་ ༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་འདི་སྤྱི་ལོ་ ༡༩༧༨ ལོར་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ལོ་གཉིས་ཀྱིི་རྗེས་ཏེ་ ༡༩༨༠ ལོ་ནས་༸རྩ་བའི་བླ་མ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་འདུས་སྡེ་འདི་ཉིད་ཀྱི་ཤེས་ཡོན་སོགས་གང་ཅིའི་ཐད་ཡར་རྒྱས་དང་ཚགས་ཚུད་ཡོང་ཆེད། བཤད་སྡེའི་རྒྱུན་ལས་ཀྱང་ཚོགས་སྡེ་སྤྱི་མཚུངས་ལྟར་གཏན་འབེབ་གནང་ཡོད་པ་དང་། ད་ལྟའི་ཆར་ལོ་རེར་མང་མོས་ཀྱིས་འོས་འདེམ་བྱས་པའི་རྒྱུན་ལས་མི་དྲུག་རེ་དང་། ཟུང་འབྲེལ་འགན་འཛིན་དུ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དགེ་བཤེས་རེ་ཡོད་པ་རེད། དེ་ཡང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག བོད་ཟླ་བདུན་པའི་ཚེས་ཤར་ལ་དེང་དུས་ཀྱི་ལམ་སྲོལ་ལྟར་ཁྱབ་ཁོངས་འདུས་མང་ནས་འོས་འདེམས་སྔོན་འགྲོ་དངོས་གཞི་གཉིས་བྱས་ཏེ། མི་དྲུག་འདེམ་སྒྲུག་གནང་མཐར་མི་དྲུག་པོའི་ནང་ཁུལ་ཚོགས་གཙོ་དགེ་སྐོས་སོགས་ལས་གནས་སོ་སོར་ཆ་བགོས་གནང་སྲོལ་ཡོད་པ་ལྟར།

    ད་ཐེངས་སྤྱི་ལོ་ ༢༠༢༣ ཟླ་བ་ ༨ པའི་ཚེས་པ་ ༡༦ ཉིན་སྨན་རིའི་བླ་སྤྱིའི་ཚོགས་མི་བཤད་སྒྲུབ་སློབ་དཔོན་མཆོག་དང་། དབུས་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་། འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་རྣམ་པ་བཅས་ལས་གྲུབ་པའི་ཚོགས་ཆེན་ཞིག་བསྐོང་འཚོགས་གནང་སྟེ། ལམ་སྲོལ་ལྟར་འོས་མི་གཏན་འབེབས་གནང་བ་དང་། སྤྱི་ཟླ་་ ༨ པའི་ཚེས་པ་ ༡༨ དང་བོད་ཟླ་ ༧ པའི་ཚེས་པ་ ༡ ཉིན་སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས། བོད་ཟླ་ ༧ པའི་ཚེས་ ༢ ཉིན་སྔོན་འགྲོའི་བསྡུའི་ཁྲོད་ནས་འོས་མི་རྩེ་ཐོག་བཅུ་གཉིས་དངོས་གཞིའི་འོས་མིར་བཏོན་ཞིང་དེའི་ཁོངས་ནས་རྒྱུན་ལས་དྲུག་པོ་མང་མོས་ཀྱི་གསང་བའི་འོས་བསྡུའི་ལམ་ནས་འདེམས་སྒྲུག་གནང་ཡོད་པ་རེད།

དེ་རྗེས་སྤྱི་ཚེས་ ༢༠ ཉིན་བདམས་ཐོན་བྱུང་བའི་འཆར་ལོའི་རྒྱུན་ལས་དྲུག་པོ་ནང་མོལ་ཚོགས་འདུ་འཚོགས་པ་དང་སྤྱི་ཚེས་ ༢༢ ཉིན་སྐྱབས་རྗེ་མཁན་སློབ་རྣམ་པར་མཇལ་བཅར་དང་བཀའ་སློབ་ལམ་སྟོན་ཞུས་ཤིང་རྒྱུན་ལས་སོ་སོའི་ལས་བགོས་བྱས་པར། སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་སྐལ་བཟང་དང་། ཚོགས་གཞོན་གཡུང་དྲུང་ཚུལ་ཁྲིམས། དྲུང་ཡིག་མཁས་གྲུབ་རིན་ཆེན། གཉེར་པ་བསོད་ནམས་ཉི་མ། རྩིས་པ་བསྟན་འཛིན་རྒྱལ་པོ། དགེ་བསྐོས་བསྟན་པ་མཆོག་ལྡན་བཅས་ལ་གཏན་འཁེལ་གནང་ཡོད་འདུག

དེ་རིང་བོད་ཆུ་ཡོས་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༣ ཟླ་བ་ ༩ པའི་ཚེས་པ་ ༡༣ ཉིན་གྱི་ཕྱི་དྲོར། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༣ པའི་རིང་བཤད་སྒྲུབ་སློབ་གཉེར་བའི་ཁྲོད། འཚོགས་འཆད་དང་། དམ་བཅའ་དཔེ་ཁྲིད་སོགས་མ་ཆད་པའི་རིགས་དང་། དེ་བཞིན་ཡིག་གཟུགས་འཛིན་གྲྭའི་ཨང་རིམ་ཐོན་པ་རྣམས་ལ་ཕྱག་འཁྱེར་བྱ་དགའ་བསྩལ་གནང་རྗེས། རྒྱུན་ལས་རྙིང་པས་ཉམས་མྱོང་གི་གཏམ་བཤད་དང་། ལས་བྱེད་གསར་པའི་རྩིས་ལེན་དམ་བཞེས་གནང་བ་དང་། དེ་བཞིན་ཟུང་འབྲེལ་འགན་འཛིན་གསར་རྙིང་གཉིས་ཀྱང་རྩིས་སྤྲོད་རྩིས་ལེན་གནང་བ་དང་། དེ་ནས་རིམ་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་སྐུ་ཚབ་སོགས་ལས་སྣེ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་གནང་མཐར། སྐྱབས་རྗེ་སྨན་རི་བ་མཆོག་ནས། སློབ་གཉེར་བ་གཡུང་དྲུང་ཉི་མ་དང་། འཇིག་མེད་དབང་རྒྱལ་གཉིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་འགན་འཛིན་གསར་པར་བཀོད་བཞག་གནང་སྟེ། རིག་གནས་གནས་འགན་འཛིན་གསར་རྙིང་གཉིས་ལ་མགུལ་དར་བསྒྲོན་གནང་མཛད། དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས། ལས་བྱེད་སོའི་ལས་འགན་བཞེས་ཕྱོགས་དང་། དེ་བཞིན་དགོན་པའི་ཚོགས་པ་ཆེ་ཕྲག་གི་འགྲོ་སྟངས་སོགས་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་མཐར་ཚོགས་འདུ་མཇུག་གྲུབ་ཏེ། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༤ པའི་རྒྱུན་ལས་རྣམས་ཀྱིས་ལས་ཁུར་དབུ་འཛུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས