གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་སྤྱི་ཟླ་༨པའི་ཚེས་པ་༢༥ ནས་ སྤྱི་ཟླ་ ༡༠པའི་ཚེས་པ་ ༢༠ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་རྣམས་གྲུབ་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་གནང་བ།

དེ་རིང་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་འདི་ལོའི་སྤྱི་ཟླ་ ༨ པའི་ཚེས་པ་ ༢༥ ནས་ སྤྱི་ཟླ་ ༡༠ པའི་ཚེས་པ་ ༢༠ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་རྣམས་གྲུབ་ནས་དེ་རིང་སྤྱི་ཟླ་ ༡༠ པའི་ཚེས་པ་ ༢༤ ཉིན་ཕྱིར་རང་དགོན་༸གདན་ས་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་གནང་སོང་།

དེ་ཡང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག ཕྱི་ལོ་ ༢༠༢༣ སྤྱི་ཟླ་ ༨ པའི་ཚེས་པ་ ༢༥ ཉིན་༸གདན་ས་སྨན་རི་ནས་ཕེབས་ཐོན་གྱིས་སྤྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨི་ཊ་ལི(Italy) རྒྱལ་ས་རོམ་(Rome)དུ་ཞབས་སོར་འཁོད་ཡོད་པ་དང་།

སྤྱི་ཟླ་ ༨ པའི་ཚེས་ ༣༠ ཉིན་ནས་འབུམ་རམས་པ་Donatella Rossiལགས་ནས་སྙན་གསན་ཞུས་དོན་ལྟར་རྒྱལ་ས་རོམ་དུ་ཡོད་པའི་རྒྱལ་སྤྱིའི་དཔེ་མཛོད་ཁང་དུ་བོད་ཀྱི་དཔེ་རྙིང་ཁག་དང་། ལྷག་པར་བོན་གྱི་རྫོགས་ཆེན་སྐོར་ལ་ཞིབ་གཟིགས་གནང་ཞིང། ཡིག་བསྒྱུར་གྱི་གོ་བསྡུར་དང་ལམ་སྟོན་སོགས་མཛད་གནང་

དེ་རྗེས་རིམ་པར་ཨི་ཊ་ལི་(Italy)དང་། པོ་ལན།(Poland) ཧྥ་རན་སི་(france)སོགས་སུ་ཡོད་པའི་བོན་དགོན་དང་ཚོགས་སྡེ་ཁག་གཙོས་དད་ལྡན་རྣམས་ལ་བོན་ཁྲིད་དང་། བཀའ་སློབ། དབང་ལུང་སོགས་གང་ལ་གང་འདུལ་གྱི་མཛད་པ་རྣམས་ལེགས་པ་གྲུབ་ཏེ། སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་རྒྱལ་ས་རྡི་ལིའི་གནམ་ཐང་དུ་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྐུ་ཚབ་དང་གནས་འཁོད་དད་འབངས་རྣམས་ཀྱི་ཕེབས་བསུ་དང་བཅས་ཞབས་སོར་བཀོད་གནང་ཡོད་པ་རེད།

དེ་རིང་སྟེ་སྤྱི་ཚེས་ ༢༤ ཉིན་དགོན་གྱི་ཉེ་འདབས་solan གྲོང་ཁྱེར་གྱི་BARISTAཚིག་ཇ་ཁང་དུ། སྨན་རིའི་གྲྭ་ཚང་གི་སྐུ་ཚབས་འཛིན་སྐྱོངས་ཚོགས་པའི་སྤྱི་གཉེར་མཆོག་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་གཉེར་པ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་གི་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ། ཕྱི་དྲོའི་དུས་ཚོད་གསུམ་པའི་ཐོག་རང་དགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། བོན་གཞིས་མང་ཚོགས་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དགེ་སློབ་དག་གིས་ཐོབ་རྒྱལ་ལ་འགོར་ཕེབས་བསུའི་བསང་དུད་དང་བཅས་བསྟར་ཕྲེང་བསྒྲིགས་ཤིང་།

ཚོགས་ཁང་ཆེན་མོའི་མདུན་སྒོར་སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་གྱི་མགུལ་དར་སྒྲོན་འབུལ་གནང་རྗེས་འདུས་མང་ནས་གཤེན་རབ་མཆོད་ལྔའི་རོལ་མོའི་དབྱངས་ཀྱི་མཆོད་པ་ལེགས་པར་ཕུལ།