གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་གི་སྨན་པ་དཀའ་བཅུ་བ་སྐབས་གཉིས་པ་དང་གསུམ་པའི་སློབ་ཐོན་མཛད་སྒོ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་རྒྱལ་ལོ་༣༡༦༠བོད་ཟླ་༡༡ཚེས་༡༨། ཕྱི་ལོ་༢༠༢༣ལོའི་ཟླ་༡༡ཚེས་༡༨ཉིན་བོན་གཞིས་གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་གི་སྐབས་གཉིས་པ་དང་གསུམ་པའི་སྨན་པ་དཀའ་བཅུ་རྣམས་སློབ་ཐོན་མཛད་སྒོ་ཚོགས་ཡོད་པ་དང་།

དེ་ཡང་ཚོགས་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་མཁན་སློབ་གཙོས་བོན་གཞིས་ས་གནས་འགོ་འཛིན་དང་སྐུ་མགྲོན་འབུམ་བཞིའི་མཐོ་སློབ་སློབ་སྟོན་པ་སྨན་པ་ཐོགས་མེད་དང་། གཞན་ཚོགས་སྡེ་ཁག་གི་དབུ་འཛིན་དང་ལས་བྱེད་རྣམ་པ། དེ་མིན་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། མཐོ་སློབ་ཀྱི་སྨན་དགེ་དང་སྨན་སློབ་ས་གནས་གཞིས་ཆགས་ཀྱི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

གོང་ཚེས་ཆུ་ཚོད་༩།༠༠ཐོག་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་རྣམ་གཉིས་ཚོགས་མགོན་དུ་བྱོན་རྗེས་༧སྐྱབས་རྗེ་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གིས་སྣང་སྲིད་སྒྲོན་མེ་ཞལ་ཕྱེས་མཚམས་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྐབས་དང་པོའི་སློབ་ཐོན་པ་གཡུང་དྲུང་འོད་ཟེར་ལགས་ཀྱི་གཙོ་སྐྱོང་འོག་མཛད་སྒོ་དབུ་འཛུགས་བྱས་ཡོད་པ་དང་།

 དེ་ཡང་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་མཆོག་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་ཉིད་ཐོག་མར་འཛུགས་དགོས་ཀྱི་ཕུགས་འདུན་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་སྙན་ཞུ་རིམ་པར་བརྒྱུད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་གསོ་རིག་སློབ་གཉེར་ཁང་ཚད་ལྡན་གཏན་འཇགས་དེབ་སྐྱེལ་བྱས་སྟངས། དེ་མིན་རྒྱ་གར་ནང་ལོག་གི་བོད་ཀྱི་གསོ་བ་རིག་པའི་གནས་བབ། དེ་མིན་མ་འོངས་པར་བོད་ཀྱི་གསོ་རིག་ཕྱི་མོ་འབུམ་བཞི་འདི་ཉིད། སྤྱི་ཚོགས་འདིའི་གསོ་རིག་གི་སྡིངས་ཆའི་སྒང་དཀའ་ངལ་གདོང་ལེན་བྱེད་དགོས་རིགས་སྐོར་ནས་གསུང་བཤད་གནངས།

གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དྲུང་ཡིག་གཡུང་དྲུང་འོད་ཟེར་ལགས་ནས་མཐོ་སློབ་འདིའི་སློབ་སྦྱོང་བྱེད་སྟངས་དང་། སྨན་རྩ་ངོས་འཛིན་བྱེད་སྟངས། དེ་མིན་ཉེ་འཁོར་གྱི་ཡུལ་མི་སོགས་ལ་སྨན་བཅོས་དང་ཉམས་གསོ་བྱེད་སྟངས་སྐོར་ནས་གསུང་བཤད་གནངས།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཕྱི་ལུགས་ཀྱི་གསོ་རིག་དང་ཅུང་མི་འདྲ་སྟེ། འདི་ལ་གཏོ་དང་དཔྱད། སྔགས་དང་རྫས་སོགས་ལ་བརྟེན་ནས་བཅོས་ཐབས་སྣ་ཚོགས་ཡོད། དེ་རིང་གི་བསླབ་པ་མཐར་སོན་གྱི་དཀའ་བཅུ་བ་རྣམས་ཡིན་ནའང་སྦྱངས་བྱའི་སྒྲིག་གཞི་ཞིག་གི་ཁུངས་ནས་མཐར་ཕྱིན་པ་མ་གཏོགས། ད་དུང་ཡང་གསོ་རིག་གི་གཞུང་ལུགས་དང་འབྲེལ་བའི་བཅོས་ཐབས་སྣ་ཚོགས་ལ་སྦྱང་བ་བྱེད་རྒྱུ་ཡོད་ལ། དཔེར་ན་གསང་འདུས་ཐིག་ལེ་བཀོད་པ་དང་། ལྷའི་བོན་ཕན་བྱེད་གཟུངས་སྡེ་ལྔ་བ། ཡེ་ཁྲི་ལ་བཟླའི་བམ་པོ། འཇིག་རྟེན་སྒྱུ་མའི་མདོ་སོགས་ལས་སྨན་དང་སྔགས་སོགས་ལ་བརྟེན་ནས་བཅོས་ཐབས་ཡོད་པ་འདི་དག་སྦྱངས་ནས་ལག་ལེན་དུ་བསྟར་ཐུབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ནས་བཀའ་སློབ་བསྩལ།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྐབས་གཉིས་པ་དང་གསུམ་པའི་སྨན་པ་དཀའ་བཅུ་བ་བདུན་ལ་མཐར་ཕྱིན་ཕྱག་འཁྱེར་བསྩལ་བ་དང་ཆབས་ཅིག་གཟེངས་རྟགས་གསོལ་རས་བསྩལ།

༧མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤པ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། དེང་བོད་ཀྱི་གསོ་རིག་གི་གཞུང་ལུགས་འདི་ཉིད་རྒྱལ་ཁབ་གང་གི་དང་མི་རིགས་གང་གི་རིག་གཞུང་ཞིག་ཡིན་པ་རྩོད་གཞི་ཞིག་ཏུ་ཆགས་བསྡད་ཡོད་ཀྱང་། རྩོད་གཞི་བཟོ་བ་མ་ཡིན་པར་གཞུང་དེ་ཉིད་གཞུང་ལུགས་དེ་ཉིད་རྒྱུ་མཚན་དང་ལྡན་པའི་སྒོ་ནས་དཔྱད་ཞིབ་གནང་རྒྱུ་གལ་ཆེན་དང་། སྨན་སློབ་འདི་ནས་ཐོན་ཡང་སྨན་གྱི་ཉམས་གསོ་འདི་མི་ཚེ་གཅིག་རིང་གི་སྦྱངས་བྱ་ཡིན་པར་ངོས་འཛིན་དགོས་གལ་སྐོར་ནས་བཀའ་སློབ་གནད་སྨིན་བསྩལ།

མཐོ་སློབ་སྨན་པ་གཡུང་དྲུང་འོད་ཟེར་མཆོག་ནས་ཐུགས་རྗེའི་ལེགས་གསོལ་གྱི་གཏམ་བཤད་སྦྲགས་མཛད་སྒོའི་སྐུ་མགྲོན་མཉམ་པར་བསྒྲོན་པ་དང་། ཚོགས་བཅར་མང་ཚོགས་ནས་མཐར་ཕྱིན་སྐབས་བཅུ་པ་ལ་དག་ལ་རྟེན་འབྲེལ་མཚོན་དོད་མགུལ་དར་སྒྲོན་རྗེས་མཛད་རིམ་དངོས་སུ་མཇུག་གྲུབ་ཡོད་པ་བཅས་སོ།