གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་བཅུ་གཉིས་པའི་ནང་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གནས་ཚུལ།

ཉེ་ཆར་སྤྱི་ལོ་ ༢༠༢༣ ཟླ་བ་ ༡༢ པའི་ཚེས་པ་ ༥ ནས་ ༡༣ བར་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་ཆེན་མོ་མཆོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། དེ་བཞིན་པོག་ར། ཡོལ་མོ། ལུམ་བི་ནི་སོགས་སུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་ཤིང་། སྤྱི་ཚེས་ ༡༥ ཉིན་ཕྱིར་༸གདན་ས་སྨན་རིའི་བླ་བྲང་དུ་ཞབས་སོར་བདེ་བར་བཀོད་པ་གནང་ཡོད་པ་རེད།

དེ་ཡང་ ༢༠༢༣། ༡༢ །༢ ཉིན་གྱི་སྔ་དྲོར་༸སྐྱབས་རྗེ་མཆོག་ནས་༸རྒྱལ་བ་སྨན་རིའི་སྒྲུབ་ཁང་དུ་བསྐང་གསོལ་དང་དམ་ཅན་རྒྱ་མཚོར་འཕྲིལ་བཅོལ་གནང་ཞིང་སྐུ་འཁོར་ལྷན་རྒྱས་༸གདན་ས་སྨན་རི་ནས་ཅན་དྷི་སྒར་ (Chandigarh) དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་དང་།  ༢༠༢༣།༡༢།༣ ཉིན་ཅན་དྷི་སྒར་གནམ་ཐང་ནས་(9:00am)མཁའ་ལམ་བརྒྱུད་དེ་(10:30) ལག་ནའུ་ (Lucknow) གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་དང་། དེ་རྗེས་ Rupadia ལ་ཆིབས་བསྒྱུར་བསྐྱངས། Rupadia ནས་ཁྲོ་ཚང་གཡུང་དྲུང་འོད་ཟེར་ལགས་དང་། བལ་གླེ་གཡུང་དྲུང་ཤུག་ཚལ་དགོན་པའི་མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག བལ་པོ་བ་(དྷི་ལིབ་པན་དྲི་)གསུམ་གཙོས་གནད་ཡོད་མི་སྣ་ཁག་གི་གདན་ཞུས་དང་བཅས་ Nepalgunj གནམ་ཐང་དུ་ཞབས་སོར་བཀོད་གནང་ཡོད་པ་རེད།

༢༠༢༣།༡༢།༤ཉིན་ Nepalgunj ནས་བལ་ཡུལ་རྒྱལ་སའི་གནམ་ཐང་དུ་ཞབས་སོར་བཀོད་ཅིང་སྐབས་དེར་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག་དང་། གྲྭ་ཚང་གཉེར་པ་གཙོས་ཚོགས་སྡེ་ཁག་གི་ལས་བྱེད་མི་ཉུང་བ་ཞིག་གིས་ཕེབས་བསུ་དང་བཅས་(12:00)དཔལ་ལྡན་ཁྲི་བརྟན་ནོར་རྩེར་ཕེབས་ཤིང་། གྲྭ་ཚང་འདུས་མང་ནས་སེར་འཕྲེང་ཟབ་རྒྱས་དང་བཅས་ལམ་སྲོལ་ལྟར་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་མཚམས་མཁན་པོ་བསྟན་པ་གཡུང་དྲུང་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ཀྱིས་མཇལ་ཁ་ཞུས།

༢༠༢༣། ༡༢། ༥ཉིན་ཞོགས་པ་ཕྱག་ཚོད་ ༩ པའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་སྟེ། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་“ལུང་འོད་ཟེར་དཔག་མེད་”ཀྱི་ལྗགས་ལུང་དང་རྫོགས་ཆེན་གྱི་ཁྲིད་ལུང་སོགས་གསལ་འདེབས་ཀྱི་ཚུལ་དུ་འབུལ་གནང་མཛད་ཡོད་པ་དང་། དེ་བཞིན་མ་འོངས་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་གྱི་མཛད་པ་ཇི་དགེའི་བཀའ་བགྲོས་ལྷུག་གནང་མཛད།

༢༠༢༣།༡༢།༧ ཉིན་དད་ལྡན་མི་མང་རྣམས་ལ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་ཡོད་པ་དང་། ༢༠༢༣།༡༢།༨ ཉིན་དཔལ་ལྡན་ཁྲི་བརྟན་ནོར་བརྩེའི་གྲྭ་མང་ལ་བཀའ་སློབ་དང་། གསོལ་ཚིགས་རྒྱས་བསྩལ་གནང་།

༢༠༢༣།༡༢།༩ ཡོལ་མོ་ན་ཝ་ཀོཊ་ (Pawakot) ས་གནས་ཀྱི་དད་ལྡན་མི་མང་རྣམས་ནས་གསོལ་བ་བཏབས་པ་བཞིན་༸སྐྱབས་རྗེ་མཆོག་ Nawakot ལུང་པར་ཕེབས་ཏེ་ཡོལ་མོའི་བོན་དགོན་གསར་བཞེངས་ཀྱི་ས་གནས་ལ་རབ་གནས་དང་མང་ཚོགས་ལ་བཀའ་སློབ་བཅས་བསྩལ་གནང་མཛད་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེར་ཐོན་མཇལ་ཞུས་ཤིང། སྤྱི་ཚེས་ ༡༠ ཉིན་ཞོགས་པར་ (6:00) ༸སྐྱབས་རྗེ་མཆོག་སྐུ་འཁོར་དང་མཁན་པོ་བསྟན་པ་གཡུང་དྲུང་མཆོག་བཅས་བལ་ཡུལ་ Pokhara ལ་ཕེབས་ཤིང་།

༢༠༢༣།༡༢།༡༢ ཉིན་Pokharaནས་༸སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་མཆོག་ལུམ་བི་ནི་Lumbini ཆིབས་བསྒྱུར་བསྐྱངས་ཤིང་ ༢༠༢༣།༡༢།༡༣ ཉིན་མཁན་པོ་ཆོས་ཀྱི་ཉི་མ་མཆོག་གིས་གདན་ཞུས་ལྟར་ཁོང་གིས་གསར་བཞེངས་གནང་བའི་དགོན་པར་རབ་གནས་དང་། དེ་རྗེས་༸སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་ས་གནས་སུ་གནས་སྐོར་དང་དེར་མན་འདལ་ཡན་ལག་བདུན་པ་དང་། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་སོགས་གསུང་གནང་མཛད།

 ༢༠༢༣།༡༢།༡༡ ཉིན་སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་གིས་གདན་ཞུས་ལྟར་ཧེ་མ་ལ་ཡའི་བུ་ཁྱིམ་ཁང་དུ་རབ་གནས་དང་སློབ་མ་རྣམས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་གནང་། དེ་རྗེས་ཀུན་གྲོལ་སྤྲུལ་སྐུ་ནམ་མཁའ་འཕྲིན་ལས་དབང་རྒྱལ་མཆོག་གིས་གསོལ་འདེབས་ཞུས་པ་བཞིན། Kala Bang ས་གནས་སུ་ཡོད་པའི་སྟོན་པའི་སྐུ་འདྲ་བཞེངས་བསྐྲུན་གནང་སར་རབ་གནས་དང་། ཡུལ་མི་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ།  ཉིན་རྒྱབ་སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་གིས་གདན་ཞུས་ལྟར་དམུ་བསུ་སྟངས་ Musthang ཤེས་ཡོན་རིག་གཞུང་ཚོགས་པས་ཉོ་སྒྲུབ་གནང་བའི་ས་ཆར་རབ་གནས་མཛད།

དེ་རྗེས་མཁན་པོ་བསྟན་པ་གཡུང་དྲུང་མཆོག་དང་། ཀུན་གྲོལ་སྤྲུལ་སྐུ་སོགས་འབྲེལ་ཡོད་མི་སྣ་དུ་མས་ཕེབས་བསྐྱེལ་དང་བཅས་བལ་ཡུལ་རྒྱ་གར་གྱི་ས་མཚམས་ Sunoli བརྒྱུད་གྲོང་ཁྱེར་ Gorokhpour ལ་ཞབས་སོར་འཁོད།

༢༠༢༣ །༡༢།༡༤ ཞོགས་པར་ Gorokhpour གནམ་ཐང་བར་ཁྲོ་ཚང་གཡུང་དྲུང་འོད་ཟེར་གྱིས་ཕེབས་བསྐྱེལ་དང་བཅས་མཁའ་ལམ་རྒྱུད་རྒྱལ་ས་ཅན་དྷི་སྒར་ཞབས་སོར་བཀོད་དེ་སྤྱི་ཚེས་ ༡༥ ཉིན་ཕྱིར་༸གདན་ས་སྨན་རིའི་བླ་བྲང་དུ་ཞབས་འཁོད་གནང་ཡོད་པ་བཅས། གནས་ཚུལ་མཁོ་འདོན་པ་དགེ་བཤེས་ཤེས་རབ་དཔལ་ལྡན།