གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༡༢ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༡ པོའི་སྤྱི་ཚེས་ ༡༣ དང་། བོད་ཟླ་ ༡༢ པའི་བོད་ཚེས་ ༠༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ པའི་ཐོག ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་རྩ་བའི་བླ་མ་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག  བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཀྱིས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་ ༡༢ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།

བཀའ་རམས་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་《༸སྟོན་སངས་རྒྱས་གཤེན་རབ་མི་བོའི་སྐུ་ཡི་སྲས་བརྒྱད་ཀྱི་སྐོར་དང་དེ་དག་ལ་བསྟན་པ་ཇི་ལྟར་གཉེར་དུ་གཏད་པའི་སྐོར་》ཞེས་པའི་བརྗོད་གཞིའི་ཐོག ས་བཅད་དང་པོ།སྲས་བརྒྱད་ངོས་འཛིན་ཚུལ་གྱི་སྐོར་དང།  ས་བཅད་གཉིས་པ། སྐུ་སྲས་དེ་དག་ལ་བསྟན་པ་གཉེར་དུ་ཇི་ལྟར་གཏད་པའི་སྐོར། གསུམ་པ། གོང་ནས་འཕྲོས་པའི་བཞེད་ཚུལ་མི་འདྲ་བ་དེ་དག་གི་སྐོར་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་ཚེ་དབང་བསྟན་འཕེལ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་བསྟན་འཕེལ་ལགས་ཀྱིས《མི་དམངས་གྲལ་ན་གཏམ་བཤད་བྱེད་སྐབས་ཐབས་ལམ་ཡག་ཤོས་གསུམ་གྱི་ངོ་སྤྲོད་》ཞེས་པའི་བརྗོད་གཞིའི་ཐོག ༡ སྤོབས་པའི་གནད། ༢ རྣལ་འབྱོར་གྱི་གནད། ༣ བཤད་སྟངས་ཀྱི་གནད། བཅས་ཀྱི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང།

སློབ་གཉེར་བ་ཚུལ་ཁྲིམས་འོད་ཟེར་ལགས་ནས་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་ཚུལ་ཁྲིམས་འོད་ཟེར་ལགས་ནས་བརྗོད་གཞི་《གཡུང་དྲུང་དང་འབྲེལ་བའི་ཨར་ཡན་(Aryan)མི་རིགས་སྐོར་》ཞེས་པའི་ཐོག ༡བྱུང་རབས་སྐོར། ༢ ཤེས་རིག ༣མི་རིགས་དེ་དང་འབྲེལ་བའི་གཡུང་དྲུང་སྐོར་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང་མཐར་།

ཕྱི་དྲོའི་དུས་ཚོད་ ༦:༣༠ ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་ ༡༢ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༡ །༡༣ ཉིན།