གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་དང་པོའི་བཤད་རྒྱུགས་དང་སློབ་ཐོན་མཛད་སྒོའི་གནས་ཚུལ། 

དེ་ཡང་སྡེ་ཚན་རིགས་གཅིག་ལ་རྐང་འཛིན་ནས་ཉམས་ཞིབ་སློབ་སྦྱོང་མཛད་དེ་ཆེད་མཁས་པ་གསོ་སྐྱོང་བྱེད་པའི་ལམ་ལུགས་འདི་ནི་ནུབ་ཕྱོགས་གཙོ་བོར་བྱས་པའི་སློབ་སྦྱོང་ཡར་ཐོན་ཅན་གྱི་སྤྱི་ཚོགས་རྣམས་སུ་སྔ་མོ་ཉིད་ནས་དར་ཡོད་ཀྱང་། རང་རེ་བོད་ཀྱི་སྤྱི་ཚོགས་ནང་མི་གཅིག་གིས་བཅུ་ཕྲག་རིག་པའི་གནས་ཀུན་ཤེས་དགོས་པའི་སྲོལ་རྒྱུན་གྱི་ལྟ་གྲུབ་དོར་མེད་པས། སྤྱིར་རིགས་གཅིག་རྐང་འཛིན་གྱིས་ཆེད་མཁས་པ་གསོ་སྐྱོང་གི་ལམ་ལུགས་དང་། ལྷག་པར་དུ་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་བསྐྱེད་བསྲིང་གི་ལས་གཞི་ནི་ད་དུང་རྨང་གཞི་ཚད་ལྡན་ཚུགས་ཐུབ་མེད།

དེ་ལྟར་ནའང་རྩ་བའི་ཆ་ནས་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ཡས་མས་ནས་གཞུང་འབྲེལ་གྱིས་གཞུང་ཆེན་རིགས་གཅིག་རྐང་འཛིན་གསོ་སྐྱོང་ཕྱག་བསྟར་འགོ་བཙུགས་གནང་ཡོད་ཀྱང་། དགོན་སྡེ་སྒེར་སོ་སོར་སྒྲིག་འཛུགས་ལྡན་པའི་སྒོ་ནས་གཞུང་ཆེན་གྱི་རིགས་ཚན་བྱེ་བྲག་པའི་ཐོག་ལོ་མང་རིང་ཉམས་ཞིབ་ཀྱི་རྩོམ་ཡིག་བྲིས་ཏེ་སློབ་ཐོབ་ཕྱག་འཁྱེར་བསྩལ་ཞིང་། དཔེ་དེབ་དཔར་སྐྲུན་གྱི་ལས་གཞི་སྤེལ་བ་ནི་གདན་ས་སྨན་རིའི་གླིང་ནས་དང་པོ་ཡིན་མིན་ཞུ་མི་སྤོབས་ཀྱང་ཐོག་མའི་གྲས་སུ་གཏོགས་ཡོད་པས། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་ལོ་རྒྱུས་ཀྱི་ལེའུ་གསར་པ་ཀུན་གྱིས་མིག་དཔེ་ལྟ་འོས་པ་ཞིག་ཏུ་ཆགས་ཡོད་པས་གཤམ་དུ་དེའི་སྐོར་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན།

དེ་ཡང་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་ཡབ་རྗེ་དཔོན་གསས་བླ་མ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ རིན་པོ་མཆོག་གིས། དང་པོ། རྟེན་གཙོ་སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་གཙོས་པའི་བདེར་བར་གཤེགས་པའི་སྟོང་སྐུ་བཞུགས་སུ་གསོལ་བའི་སྐུ་རྟེན་ལྷ་ཁང་སྨན་རིའི་གཙུག་ལག་ཁང་དང་། གཉིས་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་གཙོ་བོར་བྱས་པའི་རིས་སུ་མ་ཆད་པའི་ཕྱག་དཔེ་གླེགས་བམ་དཔེ་གཟུགས་དང་དེབ་གཟུགས་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་པའི་གསུང་རྟེན་ལྷ་ཁང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོ། གསུམ་པ། གཡས་རུའི་སྟོན་པ་བཅོ་བརྒྱད་དང་སྨན་རིའི་མཁན་རབས་རིམ་བྱོན་སོགས་ཀྱི་སྐུ་གདུང་མཆོད་རྟེན་བརྒྱ་ཕྲག་ལྷག་བཞུགས་སུ་གསོལ་བའི་ཐུགས་རྟེན་ལྷ་ཁང་སྨན་རིའི་སྐུ་གདུང་ཁང་བཅས་གདན་ས་སྨན་རིའི་ཕྱི་ཡི་ལྕགས་རི་ལྟ་བུའི་རྟེན་གསུམ་གྱི་ལྷ་ཁང་གསུམ་ནི་རྟེན་གྱི་གཙོ་བོ་ཡིན་པར་གསུངས།

དེ་བཞིན་གཡུང་དྲུང་བོན་གྱི་རིག་གཞུང་སློབ་གཉེར་འདུས་སྡེ་སྟེ་བསྟན་པའི་སོན་རྩ་བོན་ཕྲུག་བདེན་དོན་གྱི་སློབ་མ་རྣམས་དང་། བཤད་སྒྲུབ་སློབ་གཉེར་འདུས་སྡེ་ཞེས་བཤད་གྲྭའི་ནང་སློབ་གཉེར་གནང་བཞིན་པའི་སེམས་དཔའ་འདུས་པ་རྒྱ་མཚོ། རྫོགས་ཆེན་སློབ་གཉེར་འདུས་སྡེ་ནི་གཙོ་བོ་གདན་ས་སྨན་རིའི་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་བཤད་གྲྭའི་ནང་མེད་པའི་རྒྱུན་ལྡན་ཉམས་ལེན་ལ་གཞོལ་བའི་དགེ་འདུན་པ་བཅས་ནང་གི་ནོར་བུ་གཡུང་དྲུང་བོན་གྱི་འདུས་སྡེ་རྣམ་པ་གསུམ་འདི་ཡིན་པར་བཞེད། 

རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་༧དཔོན་གསས་བླ་མ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་བ་ ༠༡ ཚེས་ ༠༡ ཉིན་ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པར་ལྷ་སྲུང་གི་ལུང་རྟགས་བབས་རྗེས། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༢ ཚེས་ ༢༠ ཉིན་བདག་ཅག་ལྷ་མི་ཡོངས་ཀྱི་མགོན་དུ་མི་འཇིགས་གདོང་ལྔའི་གསེར་ཁྲི་ལ་མངའ་གསོལ་ཞིང་བསྟན་འགྲོའི་དོན་རླབས་ཆེ་བདག་གིར་བཞེས་པ་ནས་བཟུང་ད་བར་ལོ་ ༦ ལ་ཉེ་བའི་རིང་སྔོན་གྱི་སངས་རྒྱས་དང་གཡུང་དྲུང་སེམས་དཔའི་རྣམ་ཐར་ལྷུར་བླངས་ཀྱིས་དངོས་དང་བརྒྱུད་པའི་སྒོ་ཀུན་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་མཛད་འཕྲིན་མཐའ་ཡས་པར་བསྐྱངས་པ་ཐམས་ཅད་བདག་ལྟ་བུས་བརྗོད་པར་མི་སྤོབས་ལ། ལྷག་པར་དུ་མཁན་ཆེན་ཁྲི་འཛིན་གོང་མའི་མཛད་འཕྲིན་ཆེ་ཕྲ་ཆུང་གསུམ་མཐའ་དག་གྲ་མ་ཞིག་གྲུ་མ་ཉམས་པར་མཇུག་སྐྱོང་གནང་བཞིན་པའི་ཁར། ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་པར་གསར་བསྐྲུན་དང་གསར་བཞེངས་དུ་མ་མཛད་ཡོད་པ་རྣམས་ཀྱང་འདིར་རེ་རེ་ནས་ཞུ་བར་དགོས་པ་མ་མཆིས།

སྐབས་འདིར་བསྟན་པའི་རྩ་ལག་བཤད་སྒྲུབ་འཆད་ཉན་དང་འབྲེལ་བའི་རིན་པོ་ཆེ་མཆོག་གི་ངོ་མཚར་ཆེ་ལ་སྐབས་སུ་བབས་པའི་མཛད་འཕྲིན་གསུམ་ནི། དང་པོ། “གཞི་རིམ་སློབ་གྲྭ་”དམིགས་བསལ་གསར་འཛུགས་ཀྱིས་མ་འོངས་བཤད་སྒྲུབ་བསྟན་པའི་སོན་རྩ་བསྐྲུན་ཡོད། གཉིས་པ། བཤད་སྒྲུབ་སློབ་གཉེར་འདུས་སྡེའི་ནང་རྩོམ་པ་བསྟན་པའི་གསལ་བྱེད་ཀྱི་སྡེ་“གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་”ཀྱི་སྡེ་ཚན་བཙུགས་ཏེ་དེང་རབས་ཀྱི་འགྲོས་ལྟར་གཞུང་ཆེན་བྱེ་བྲག་ལ་ཆེད་མཁས་པ་གསོ་སྐྱོང་མཛད་པ་དང་། གསུམ་པ། ཉམས་ལེན་བསྟན་པའི་ཡང་སྙིང་གི་སྡེ་“རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་”བཙུགས་ཏེ་སྲོལ་རྒྱུན་ལྟར་སྒོམ་སྒྲུབ་ཉམས་ལེན་གནང་མཁན་བསྐྱེད་བསྲིངས་གནང་བ། དེ་ཡང་སྐབས་དང་པོའི་སྒྲུབ་གྲྭ་མཐར་སོན་བྱུང་ཟིན་པ་མ་ཟད། ད་ཆ་སྐབས་གཉིས་པའི་སྒྲུབ་གྲྭའི་སློབ་གཉེར་བ་གྲངས་མི་ཉུང་བ་ཞིག་མུ་མཐུད་དུ་འགྲོ་བཞིན་ཡོད་པ་རེད། ལེགས་པར་དཔྱད་ན་མཛད་རྗེས་འདི་གསུམ་ནི་ཁྲི་འཛིན་མཁན་ཆེན་གོང་མའི་སྐབས་ཀྱི་ནང་གི་ནོར་བུ་གཡུང་དྲུང་བོན་གྱི་འདུས་སྡེ་རྣམ་པོ་གསུམ་སྔར་ལྷག་ཡར་རྒྱས་དང་ཚགས་ཚུད་རྣམ་པ་སྟེ་གསེར་གྱི་རྒྱ་གླིང་ལ་བྱུ་རུས་ཁྲ་རྒྱན་བཏབ་པའི་དཔེ་ལྟར་མངོན་པ་ནི་རྒྱལ་བ་སྲས་དང་བཅས་པ་བསྟན་པའི་དོན་དུ་ཐུགས་དགོངས་དབྱེར་མེད་རོ་གཅིག་པར་གསུངས་པ་ནི་འདི་ལྟ་བུ་ལ་གོ་དགོས་པར་སེམས་སོ། །

ཐེངས་འདིར་བཀྲ་ཤིས་རྟེན་འབྲེལ་མཛད་སྒོ་དེ་ནི། གོང་གསལ་མཛད་པའི་འཕྲིན་ལས་དེ་དག་ལས་“གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་དང་པོའི་བཤད་རྒྱུགས་དང་སློབ་ཐོན་མཛད་སྒོ་”གཉིས་ལྷན་དུ་སྤེལ་བ་དེ་ཡིན་ཞིང་། དེ་ཡང་ཐོག་མར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་མཆོག་གིས་དབུས་མཁན་སློབ་རྣམ་པས་གདན་ས་སྨན་རིའི་བཤད་སྒྲུབ་སློབ་གཉེར་ནང་འཆར་ཅན་གྱི་སློབ་ཚན་རྫོགས་ཟིན་པའི་འཛིན་རིམ་རྩེར་སོན་རྣམས་ལ་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་ཉམས་ཞིབ་གཉིས་སུ་སོ་སོའི་འདོད་མོས་ལྟར་འཛུལ་ཞུགས་ཆོག་པའི་བཀའ་བཞེས་ཟབ་མོ་ཐོབ་རྗེས། ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༡༥ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་དང་། སྨན་རིའི་བླ་སྤྱི། བཤད་སྡེའི་དགེ་རྒན་རྣམ་པ། སྨན་རིའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་བཅས་ཚང་འཛོམས་ཐོག་དངོས་སུ་དབུ་འཛུགས་རྟེན་འབྲེལ་གནང་ཞིང་། སྐབས་དེར་གཞུང་ཆེན་རིགས་གཅིག་རྐང་འཛིན་ནང་འཛུལ་ཞུགས་གནང་མཁན་སློབ་གཉེར་བ་ལྔ་བྱུང་ཡོད། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ཉམས་ཞིབ་མཛུབ་སྟོན་དགེ་རྒན་དུ་བསྐོ་བཞག་མཛད་དེ་ཁོང་རྣམ་པར་མགུལ་དར་སྒྲོན་ཞིང་། རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞི་གཏན་འབེབས་གནང་ཟིན་ལྟར་ཉིན་དེ་རང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་དུ་དངོས་སུ་ཞབས་བཅགས་ཤིང་བཀའ་སློབ་ལམ་སྟོན་ལེགས་པར་མཛད་རྗེས་ཁོང་རྣམ་པས་རང་རང་སོ་སོས་བདམས་པའི་བརྗོད་གཞིའི་ཐོག་ཉམས་ཞིབ་དབུ་འཛུགས་གནང་། 

དུས་དེ་ནས་བཟུང་ཉམས་ཞིབ་མཛུབ་སྟོན་དགེ་རྒན་གྱི་ལམ་སྟོན་དང་རོགས་འདེགས་འོག་ཕྱི་ལོ་ ༢༠༢༡ ནས་ ༢༠༢༣ གྱི་ཟླ་དྲུག་སྔ་མའི་བར་ཟླ་བ་དྲུག་རེའི་མཚམས་ནས་སྒྲིག་གཞིའི་དེབ་ཆུང་ནང་འཁོད་རྩོམ་ཤོག་ཚད་ལོང་ཐོག་མཛུབ་སྟོན་པའི་དག་མཆན་ཕྱག་རྟགས་དང་བཅས་དཔལ་ལྡན་སྨན་རིའི་བླ་སྤྱིའི་ལས་ཁུངས་སུ་གཟིགས་ཞིབ་ཆེད་ཆད་ལུས་མེད་པར་ཕུལ་ཞིང་། ཕྱི་ལོ་ ༢༠༢༣ ཟླ་དྲུག་ཕྱི་མའི་ནང་ལོ་མཐའ་མའི་རྩོམ་ཡིག་ཕྱོགས་སྡོམ་དང་དག་སྒྲིག་ཁ་སྐོང་སོགས་མཇུག་གྲུབ་པར་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༠ ནང་མཁས་དབང་དགེ་བའི་བཤེས་གཉེན་རྣམ་པ་ལྔ་ལ་མཐའ་མའི་དཔྱད་ཞིབ་གཟིགས་རྟེན་དུ་ཕུལ་ནས་ཁོང་རྣམ་པས་ཞིབ་ཕྲར་སྤྱན་གཟིགས་དང་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་གནང་ཡོད་པ་མ་ཟད། རྩོམ་ཡིག་མཐའ་དག་དཔེ་དེབ་ཏུ་དཔར་སྐྲུན་བྱས་ན་ཆོག་འཐུས་ཀྱི་དགོངས་འཆར་ཡང་ཕེབས་ཡོད་འདུག 

དེ་རིང་སྤྱི་ལོ་ ༢༠༢༤  སྤྱི་ཟླ་ ༡ ཚེས་ ༡༢ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་ལམ་སྟོན་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་དང་རིག་གནས་འགན་འཛིན་ཐུན་མོང་གིས་གོ་སྒྲིག་འོག་གཞུང་ཆེན་རིགས་གཅིག་རྐང་འཛིན་རྣམ་པ་མཐའ་མའི་བཤད་རྒྱུགས་བགྲོ་གླེང་དང་སློབ་ཐོན་ཕྱག་འཁྱེར་བསྩལ་བའི་མཛད་སྒོ་དེ་ཉིད་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོར་ཚོགས་ཡོད་པ་རེད། ཐོག་མར་བཤད་སྒྲུབ་འདུས་སྡེའི་དྲུང་ཡིག་མཁས་གྲུབ་རིན་ཆེན་ནས་མཛད་སྒོའི་དབུ་འཛུགས་གཙོ་སྐྱོང་གནང་ཞིང་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་། གཞན་ཡང་བཤད་སྒྲུབ་མཁན་སློབ་རྣམ་གཉིས། བོན་གཞིས་ས་གནས་འགོ་འཛིན། བོད་ཀྱི་བོན་པོ་ཚོགས་པ། བོན་གཞིས་ས་གནས་འཐུས་ཚོགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། གདན་ས་སྨན་རི་དང་བཙུན་དགོན་རཏྣ་སྨན་གླིང་སོགས་གཞིས་དགོན་གཉིས་སུ་ཡོད་པའི་ཚོགས་པ་ཆེ་ཕྲ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། དགེ་བའི་བཤེས་གཙོས་པའི་དགེ་འདུན་འདུས་ཚོགས་དང་སློབ་ཕྲུག་མི་མང་བཅས་བཞུགས་གྲལ་དུ་འཁོད་རྗེས། རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། སྐབས་དེར་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་སྐལ་བཟང་མཆོག་ནས་མཛད་སྒོའི་ངོ་སྤྲོད་ཀྱི་གསུང་བཤད་གྲུབ་མཚམས་མཛད་རིམ་ལྟར་ཉམས་ཞིབ་པ་སོ་སོའི་བརྗོད་གཞིའི་ནང་དོན་སྙིང་བསྡུས་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་སྐར་མ་སུམ་ཅུ་རེ་གནང་། 

དེ་ཡང་དང་པོ་བཀའ་རམས་པ་སྤྱང་རུ་ཡེ་ཤེས་རྒྱལ་བ་ལགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་ཁོང་གི་ཉམས་ཞིབ་དཔྱད་རྩོམ་<<བོན་ལུགས་ཏིང་ངེ་འཛིན་རྣམ་གསུམ་སྐོར་ལ་དཔྱད་པ་>>ཞེས་པ་ལེའུ་ལྔ་དང་། དཔེ་ཁུངས་མ་འདྲ་བ་ ༢༠༠ མ་ཟིན་ཙམ་ནས་ལུང་དྲངས་ཤིང་། དཔྱད་མཆན་ ༥༠༠ ཙམ། ཡིག་འབྲུ་ ༡༡༠༠༠༠ མ་ཟིན་ཙམ་དང་། ཤོག་གྲངས་ ༢༠༠ མ་ཟིན་ཙམ་ཡོད་པ་ཞིག་བྲིས་ཡོད་འདུག 

དེ་རྗེས་བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ལགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་ཁོང་གི་ཉམས་ཞིབ་དཔྱད་རྩོམ་<<མདོ་སྔགས་སེམས་གསུམ་བར་དོའི་སྐོར་ཆེད་རྩོམ་>>ཞེས་པ་ལེའུ་ལྔ་དང་། དཔེ་ཁུངས་མ་འདྲ་བ་ ༢༥༠ ལྷག་ཙམ་ནས་ལུང་དྲངས་ཤིང་། དཔྱད་མཆན་ ༡༤༥༠ མ་ཟིན་ཙམ། ཡིག་འབྲུ་ ༢༣༠༠༠༠ ལས་བརྒལ་བ། ཤོག་གྲངས་ ༤༧༠ ལྷག་ཙམ་ཡོད་པ་ཞིག་བྲིས་ཡོད་འདུག

བཀའ་རམས་པ་དབྲ་ཚ་ཤེས་རབ་གྲགས་པ་ལགས་ཀྱིས་གཏམ་བཤད་གནང་ཞིང་ཁོང་གི་ཉམས་ཞིབ་དཔྱད་རྩོམ་<<དབལ་ཕུར་བོན་སྐོར་ལ་དཔྱད་པ་>>ཞེས་པ་ལེའུ་ལྔ་དང་། དཔེ་ཁུངས་མ་འདྲ་བ་ ༡༩༠ ལྷག་ཙམ་ནས་ལུང་དྲངས་ཤིང་། དཔྱད་མཆན་ ༧༦༠ ལས་བརྒལ་བ། ཡིག་འབྲུ་ ༡༡༤༠༠༠ ལྷག་ཙམ་དང་། ཤོག་གྲངས་ ༢༢༠ ཙམ་ཡོད་པ་ཞིག་བྲིས་ཡོད་འདུག 

དེ་མཚམས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་སེང་གྲུབ་མཚམས་བཀའ་རམས་པ་སྤུ་ལ་ནམ་མཁའ་རྒྱལ་མཚན་ལགས་ཀྱིས་གཏམ་གནང་ཡོད་པ་དང་། ཁོང་གི་ཉམས་ཞིབ་དཔྱད་རྩོམ་<<ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ལ་དཔྱད་པ་>>ཞེས་པ་ལེའུ་བཞི་དང་། དཔེ་ཁུངས་མ་འདྲ་བ་ ༢༧༠ མ་ཟིན་ཙམ་ནས་ལུང་དྲངས་ཤིང་། དཔྱད་མཆན་ ༩༥༠ ལས་བརྒལ་བ། ཡིག་འབྲུ་ ༢༡༠༠༠༠ ལྷག་ཙམ་དང་། ཤོག་གྲངས་ ༤༠༠ མ་ཟིན་ཙམ་ཡོད་པ་ཞིག་བྲིས་ཡོད་འདུག 

དེ་རྗེས་བཀའ་རམས་པ་ཧོར་འཕེན་བསྟན་པ་འབྲུག་གྲགས་ལགས་ཀྱིས་གཏམ་བཤད་གནང་ཞིང་ཁོང་གི་ཉམས་ཞིབ་དཔྱད་རྩོམ་<<བོན་གྱི་གསང་སྔགས་བསྐྱེད་རྫོགས་སྐོར་ལ་དཔྱད་པ་>>ཞེས་པ་ལེའུ་ལྔ་དང་། དཔེ་ཁུངས་མ་འདྲ་བ་ ༢༠༠ ལྷག་ཙམ་ནས་ལུང་དྲངས་ཤིང་། དཔྱད་མཆན་ ༡༢༠༠ ལས་བརྒལ་བ། ཡིག་འབྲུ་ ༢༤༠༠༠༠ ལྷག་ཙམ་དང་། ཤོག་གྲངས་ ༤༥༠ མ་ཟིན་ཙམ་ཡོད་པ་ཞིག་བྲིས་ཡོད་འདུག

མདོར་ན་གོང་གསལ་ནང་དོན་དེ་དག་གི་སྐོར་བཤད་རྒྱུགས་གཏམ་བཤད་དང་དྲི་བ་དྲིས་ལན་ལེགས་པར་གནང་གྲུབ་མཚམས། འདུས་མང་སྐྱ་སེར་ཚང་འཛོམས་དབུས་སུ་ཉམས་ཞིབ་རྣམ་པ་ལྔ་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་སློབ་ཐོབ་གྱི་ཕྱག་འཁྱེར་གསོལ་བསྩལ་གནང་ཡོད་པ་དང་། སྐབས་དང་པོའི་གཞུང་ཆེན་རིགས་གཅིག་རྐང་འཛིན་རྣམ་པའི་མཛུབ་སྟོན་དགེ་རྒན་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ལའང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བཀའ་དགོངས་ལྟར་ལས་གཞིའི་དེའི་ཐོག་མཐའ་བར་གསུམ་དུ་འགན་ཁུར་རྐང་བཞེས་གནང་སྟེ་ལས་དོན་ལེགས་སྒྲུབ་གནང་བར་གཟེངས་བསྟོད་ཀྱི་ཕྱག་འཁྱེར་ཡང་བསྩལ་གནང་སོང་།

མཚམས་དེར་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་དང་། དེ་ཡང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན་༡“བཤད་གྲྭའི་ལོ་རིམ་གྱི་འཁྲིད་གཞི་རྣམས་ཚར་རྗེས་སོ་སོའི་འདོད་མོས་ལྟར་གྱི་བརྗོད་གཞི་འདེམས་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་གང་རིགས་ལ་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་ཕུལ་ཏེ་ཐོག་མར་༸སྐྱབས་རྗེ་དཔོན་སློབ་རིམ་པོ་མཆོག་དང་། བླ་སྤྱི་རྣམ་པ་བཅས་ལ་གོ་བསྡུས་རིམ་པར་ཞུས་མཐར་སྒྲིག་གཞི་གཏན་འབེབ་བྱས་པ་བཞིན་ཉམས་ཞིབ་པ་རྣམ་པ་ཚོས་ཚད་ལྡན་ཚུལ་མཐུན་གྱི་སྒོ་ནས་གནང་སོང་བར་ཐུགས་རྗེ་ཆེ་དང་། དེ་བཞིན་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཉམས་ཞིན་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ལ་ཉམས་ཞིབ་པའི་མཛུབ་སྟོན་དགེ་རྒན་འམ་སློབ་སྟོན་པར་བསྐོ་བཞག་བྱས་པར་དང་ལེན་གནང་བ་ཙམ་མ་ཟད་ད་བར་དུས་ནས་དུས་སུ་དཀའ་ལས་མང་པོ་རྒྱབ་ནས་འགན་ཁུར་དང་ཉམས་ཞིབ་པ་ཚོར་རོགས་རམ་ལམ་སྟོན་སོགས་ཧ་ཅང་ཡག་པོ་གནང་སོང་བར་བསྔགས་བརྗོད་དང་། ༢ དེ་སྔོན་སྒྲིག་གཞི་གཏན་འབེབ་བྱས་ནས་ཉམས་ཞིབ་སྐབས་དང་པོ་གྲུབ་ཡོད་ནའང་ད་དུང་ང་ཚོས་ཉམས་མྱོང་བསགས་མུས་བཞིན་སྒྲིག་གཞི་ལ་ལེགས་བཅོས་ཀྱིས་འཐུས་ཚང་དང་ཡར་རྒྱས་བཏང་དགོས་ཚུལ་དང་། མ་འོངས་པར་བཤད་སྒྲུབ་སློབ་གཉེར་བ་རྣམས་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་སྡེ་ཚན་དུ་འཛུལ་ཞུགས་དགོས་གལ་ཆེ་ཚུལ་དང་། ཉམས་ཞིབ་པར་ཞུགས་བློ་ཡོད་རིགས་རྣམས་ལ་མུ་མཐུན་གོ་སྐབས་ཡོད་སྐོར་དང་། ༣ དེང་དུས་ཀྱི་ལམ་སྲོལ་དང་མཐུན་པའི་ཉམས་ཞིབ་ཀྱི་ཐབས་ལམ་དཔྱད་དེ་བརྗོད་གཞི་ཆུང་ཚགས་ནས་དཔྱད་པ་གནང་སྟེ། ཚད་དང་ལྡན་པའི་དཔྱད་འབྲས་ཤིག་ཐོན་ཐབས་གནང་རྒྱུ་གལ་ཆེན་ཡིན་སྐོར་དང་། ཐེངས་འདིའི་དཔྱད་ཞིབ་པ་རྣམས་ཀྱིས་བྲིས་པའི་དཔྱད་རྩོམ་གྱིས་སློབ་པ་ལམ་ཞུགས་རྣམས་ལ་ཐུགས་ཕན་མི་དམན་པ་ཞིག་སོས་ངེས་ཡིན་པ་རིན་པོ་ཆེ་ཁོང་ཉིད་ཀྱི་ཐུགས་ལ་ཡིད་ཆེས་ཡོད་སྐོར་སོགས་ཟབ་གདམས་གནད་སྨིན་བསྩལ། དེ་རྗེས་བཤད་སྒྲུབ་འདུས་སྡེའི་དྲུང་ཡིག་ལགས་ནས་མཛད་སྒོའི་མཇུག་སྡོམ་གཏམ་བཤད་དང་བཅས་མཛད་སྒོ་དེ་ཉིད་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་ངོ་སྤྲོད་གནས་ཚུལ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༢ ལ། 

སྤྱིར་བཏང་གོང་གསལ་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་རྣམ་པ་ཚང་མས་ཉམས་ཞིབ་དཔེ་དེབ་ད་དུང་ཁ་སྐོང་དང་བསྐྱར་བཅོས་བྱས་ཐོག་དཔར་སྐྲུན་གནང་རྒྱུར་ངེས་གཏན་ཡིན་འདུག་པར་མ་ཟད། མང་ཆེ་བས་རིང་མིན་འཆར་ལོའི་བོད་ཟླ་དང་པོའི་ནང་སོ་སོའི་དགེ་བཤེས་ཀྱི་མཛད་སྒོ་སྐབས་བསྟུན་གྱིས་ཉམས་ཞིབ་ཀྱི་དཔེ་དེབ་འགྲེམས་སྤེལ་གནང་རྒྱུར་གཏན་ཁེལ་ཡོད་པ་རེད་འདུག