གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཡེ་ཤེས་མེ་དཔུང་གི་རྩ་རླུང་ཞག་བརྒྱའི་ཉམས་ལེན་གྲུབ་པའི་གནས་བསྡུས།

དེ་ཡང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་དགོངས་ལྟར། ད་ལན་སྐབས་གཉིས་པའི་རྩ་རླུང་ཞག་བརྒྱར་བརྩོན་མཁན་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་བ་གྲངས་བཅུ་དང་དགེ་བཤེས་གཅིག་བཅས་མི་གྲངས་བཅུ་གཅིག་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༥ དང་། བོད་ཆུ་ཡོས་ལོ་བོད་ཟླ་དགུ་པའི་ཚེས་བཅུ་ཉིན་༸སྨན་རིའི་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་བླ་མ་མགོན་པོ་དབྱེར་མེད་སྒྲུབ་གཞུང་གི་བསྙེན་སྒྲུབ་ཀྱི་མཆོད་བཟོ་དང་དཀྱིལ་འཁོར་བཅའ་བཀོད་བཅས་ལེགས་པར་གྲུབ་རྗེས། སྔོན་འགྲོ་དག་གཙང་བུམ་བཀོད་ཀྱི་རིམ་པ་དང་། དངོས་གཞི་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་དང་མཉམ་མེད་བླ་སྒྲུབ་གཉིས་སྦྲགས་ཏེ་ཕྱི་ནང་གི་མཆོད་ཚོགས་རྣམས་རྒྱས་པར་ཕུལ།

ཞག་བརྒྱའི་རིང་གཏུམ་མོ་ཡེ་ཤེས་མེ་དཔུང་གི་རྩ་རླུང་ཐིག་ལེའི་ཉམས་ལེན་གྱི་འགྲོ་རིམ་ནི།

དང་པོ། འཇམ་རླུང་ཟ་མ་ཏོག་གི་ཉམས་ལེན།

དེ་ཡང་བོད་ཟླ་དགུ་པའི་ཚེས་བཅུ་གཅིག་རེས་གཟའ་ལྷག་པའི་འཕྲོད་སྦྱོར་བཟང་པོའི་ཉིན་ནས་བོད་ཟླ་བཅུ་པའི་ཚེས་དགུ་བར་བདུན་ཕྲག་བཞིའི་རིང་འཇམ་རླུང་ཟ་མ་ཏོག་དང་སྐབས་བབ་ཀྱི་འཁྲུལ་འཁོར་རིམ་པ་ཁག་ལ་ཉམས་ལེན་གྲུབ་པར་བྱས། དེ་ཡང་ཉིན་ལྟར་རླུང་ཐུན་བཞི་དང་ཞོགས་དགོང་བསང་དང་བཀའ་སྐྱོང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་གི་ཕྲིན་ལས་དང་བསྙེན་འཛབ་གསོག་སྒྲུབ། དགོང་མོར་ལུས་སྦྱིན་བཅས་ཀྱི་ཉམས་ལེན་རྣམས་ཆགས་མེད་དུ་བརྩོན། རླུང་ཐུན་བཞི་ལས་ཐོར་ཐུན་གྱི་དབུར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་རྩ་རླུང་གསོལ་འདེབས་གཉིས་རེས་མོ་དང་དེ་རྗེས་སྤྲུལ་སྐུ་ཏ་པི་ཧྲི་ཙའི་གསོལ་འདེབས་བཅས་གྲུབ་མཚམས། རླུང་ཐུན་གྱི་སྔོན་འགྲོ་སྟངས་ར་རྣམ་གསུམ་དང་མཚམས་བཅད་སོགས་ཀྱི་རླུང་སྦྱོར་ཁག་གི་རྗེས་སུ། དངོས་གཞི་འཇམ་རླུང་ཟ་མ་ཏོག་སྟེ་རླུང་འཇུག་གནས་འབྱིན་གསུམ་གྱི་རླུང་ཁུག་གི་རིམ་པ་བདུན་ཕྲག་དང་པོ་གཉིས་ཀྱི་ཉིན་རེའི་ཐུན་བཞི་ལ་སྤེལ་ཏེ་བརྒྱ་རྩ་བརྒྱད་ཁ་གང་བར་ཉམས་སུ་བླངས།

བདུན་ཕྲག་ཕྱི་མ་གཉིས་ལ་ཉིན་རེའི་ཐུན་བཞི་ཀར་རླུང་འཇུག་གནས་འབྱིན་གསུམ་གྱི་རླུང་ཁུག་བརྒྱ་རྩ་བརྒྱད་རེ་ཚང་བར་ཉམས་ལེན་གྲུབ་པར་བགྱིས་མཚམས། ཐོར་ཐུན་དང་ཕྱི་ཐུན་གྱི་སྐབས་སུ་སྙན་རྒྱུད་ཀྱི་འཁྲུལ་འཁོར་གང་བབ་དང་། སྔ་ཐུན་དང་སྲོད་ཐུན་གྱི་སྐབས་སུ་ཨ་ཁྲིད་ཀྱི་འཁྲུལ་འཁོར་རྣམས་གང་འཁེལ་བཞིན་བརྩོན་པའོ། །དེ་རྗེས་སེམས་མ་བཅོས་པའི་རྣལ་འབྱོར་ངང་ཅུང་ཟད་གནས་གྲུབ་མཚམས་སུ། མ་རྒྱུད་ཀྱི་སྨོན་ལམ་དང་བདེར་གཤེགས་སྤྱན་དྲངས་སོགས་ཀྱི་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་ཏེ་མཇུག་གྲུབ་པར་བྱས་སོ། །

གཉིས་པ། བར་རླུང་བུམ་པ་ཅན་གྱི་ཉམས་ལེན།

བོད་ཟླ་བཅུ་པའི་ཚེས་བཅུ་ནས་བོད་ཟླ་བཅུ་གཅིག་གི་ཚེས་བཅོ་ལྔ་བར་བདུན་ཕྲག་ལྔ་སྟེ། ཉིན་གྲངས་སོ་ལྔའི་རིང་བར་རླུང་བུམ་པ་ཅན་དང་སྐབས་བབ་ཀྱི་འཁྲུལ་འཁོར་རིམ་པ་ཁག་ལ་ཉམས་ལེན་གྲུབ་པར་བྱས། དངོས་གཞི་བར་རླུང་གི་རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་རླུང་ཁུག་པ་བརྒྱ་རྩ་བརྒྱད་བཟུང་གྲུབ་མཚམས་སུ། ཨ་སྙན་གཉིས་ཀྱི་འཁྲུལ་འཁོར་ཁག་རེས་མོར་བརྩོན། དེ་ཡང་ཐོར་ཐུན་དང་ཕྱི་ཐུན་གྱི་སྐབས་སུ་སྙན་རྒྱུད་ཀྱི་འཁྲུལ་འཁོར་སྤར་རིམ་བཞིན་གང་བབ་དང་།

དེ་ཡང་ཐོར་ཐུན་དང་ཕྱི་ཐུན་གྱི་སྐབས་སུ་སྙན་རྒྱུད་ཀྱི་འཁྲུལ་འཁོར་སྤར་རིམ་བཞིན་གང་བབ་དང་། སྔ་ཐུན་དང་སྲོད་ཐུན་གྱི་སྐབས་སུ་ཨ་ཁྲིད་ཀྱི་འཁྲུལ་འཁོར་སྤར་རིམ་བཞིན་གང་འཁེལ་ལ་བརྩོན་པའོ། །དེ་རྗེས་སེམས་མ་བཅོས་པའི་རྣལ་འབྱོར་ལ་འཇོག་པ་སོགས་སྔར་བཞིན་ནོ། ། གཞན་ཞོགས་དགོང་བསང་དང་བཀའ་སྐྱོང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་གི་ཕྲིན་ལས། དགོང་མོར་ལུས་སྦྱིན་བཅས་ཀྱི་ཉམས་ལེན་སྔར་བཞིན་ནོ། །

གསུམ་པ། དྲག་རླུང་མེ་དཔུང་མའི་ཉམས་ལེན།

བོད་ཟླ་བཅུ་གཅིག་གི་ཚེས་བཅུ་དྲུག་ནས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་བར་བདུན་ཕྲག་ལྔ་དང་ཉིན་གཉིས་ཏེ། ཉིན་གྲངས་སོ་བདུན་རིང་ཉིན་རེའི་ཐུན་བཞི་ཀར་དྲག་རླུང་མེ་དཔུང་མ་དང་ཨ་སྙན་གཉིས་ཀྱི་འཁྲུལ་འཁོར་རིམ་པ་ཁག་རེས་མོར་ཚང་བར་ཉམས་ལེན་གྲུབ་པར་བྱས། དེ་ཡང་། དྲག་རླུང་གི་སྐབས་སུ་སྔར་ལས་ལྷག་པ་རླུང་ཐུན་བཞིའི་ཉམས་ལེན་སྐབས་སུ། རླུང་སྦྱོར་ཡན་ལག་བཞི་ལྡན་གྱི་སྒོ་ནས་རླུང་ཁུག་བརྒྱ་རྩ་བརྒྱད་ཀྱིས་ཨ་ཤད་ཀྱི་མེ་ལྕེ་མས་ནས་སྤྱི་གཙུག་བར་རྩའཁོར་ལྔ་ལ་རིམ་པར་སྤར་ཅིང་ཐིག་ལེ་བཅུ་དྲུག་སྤྱི་བོ་ནས་གསང་གནས་བར་ཆ་བགོས་ཀྱིས་མར་ལ་ཕབ་རིང་དགའ་བཞི་རིམ་པར་སེམས་བཟུང་བའོ། །གཞན་ཡང་ཉིན་ལྟར་ཐོར་ཐུན་དང་ཕྱི་ཐུན་གཉིས་ཀར་སྙན་རྒྱུད་ཀྱི་འཁྲུལ་འཁོར་ཆ་ཚང་རེ་དང་། སྔ་ཐུན་དང་སྲོད་ཐུན་གཉིས་ཀ་ལའང་ཨ་ཁྲིད་ཀྱི་འཁྲུལ་འཁོར་རྣམས་ཆ་ཚང་རེ་བརྩོན་དགོས་པ་བཅས་སོ། །དེ་མིན་ཉིན་རེའི་ཉམས་ལེན་གྱི་རིམ་པ་གཞན་རྣམས་ཀྱང་འཇམ་རླུང་དང་བར་རླུང་གི་སྐབས་བཞིན་དཀའ་སྤྱད་ཀྱིས་ཆགས་མེད་དུ་བརྩོན་ཅིང་གྲུབ་པར་བྱས།

བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་གི་སྔ་མོར་ཕྱག་ཚོད་གསུམ་དང་ཕྱེད་ཀ་ནས་ལྔ་པ་བར་ཐོར་ཐུན་དང་སྙན་རྒྱུད་འཁྲུལ་འཁོར་ཚར་བར་བྱས་ཏེ། ཕྱག་ཚོད་ལྔ་པའི་ཐོག་༸གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་པ་ལྟར། དབུ་བཞུགས་མཛད་ཅིང་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་དང་། དགེ་བཤེས་གཞན་འགའ་དང་སྨན་རིའི་འཚོགས་ཆེན་དབུ་མཛད་བཅས་ཀྱིས་གསང་སྔགས་མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ་གསུངས་གནང་ཞིང་། དེའི་རིང་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་ཨ་ཀྲོང་དགེ་བཤེས་སེམས་དཔའ་རྒྱལ་མཚན་མཆོག་གིས་གཙོས་དགེ་བཤེས་དང་སྒྲུབ་ཐོན་པ་འགའ་ཡིས་རྩ་རླུང་ཉམས་ལེན་པ་རྣམས་ལ་དྲོད་རྟགས་ཀྱི་རྟེན་འབྲེལ་བརྟག་པའི་ཆུ་རས་ཐེངས་གསུམ་རེར་གསོལ་གྲུབ་རྗེས་ཀུན་གྱིས་སྨོན་ལམ་རྣམ་གསུམ་གསུངས་ཤིང་མཇུག་ལེགས་པར་གྲུབ་བོ། །དེ་ནས་རླུང་ཁུག་དང་འཁྲུལ་འཁོར་རྣམས་མར་དབབ་པའི་རིམ་པ་ཁག་ལ་ཉམས་ལེན་བརྩོན།

ཚེས་ཉེར་གཉིས་སྔ་མའི་ཉིན་ཞོགས་པར་མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ་གྲུབ་རྗེས་སྔར་ཉིན་རླུང་དབབ་པའི་འཕྲོ་རྣམས་རྫོགས་པར་བྱས་མཚམས། སྔར་རྒྱུན་ལྟར་བསང་མཆོད་དང་། དེ་རྗེས་བླ་མ་མགོན་པོ་དབྱེར་མེད་ཀྱི་བསྙེན་སྒྲུབ་དང་རྩ་རླུང་ཞག་བརྒྱའི་ཉམས་ལེན་གྱི་རིམ་པ་རྣམས་མཐར་ལེགས་པར་གྲུབ་པའི་གཏང་རག་ལ་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་དང་མཉམ་མེད་བླ་སྒྲུབ་གཉིས་སྦྲགས་ཏེ་ཚོགས་མཆོད་རྒྱས་འབུལ་ཞུས། དེ་ནས་སྒོ་དབྱེ་སོགས་ཕྲིན་ལས་ཀྱི་རྗེས་བྱ་ཁག་རིམ་པར་སྐྱོང་སྟེ། མཐར་བཀྲ་ཤིས་དང་བསྔོ་སྨོན་བཅས་ཀྱིས་བརྒྱན་ཏེ་མཇུག་ཡོངས་སུ་རྗོགས་པའོ། །དེ་རྗེས་རྩ་རླུང་ཉམས་ལེན་པ་རྣམས་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་མཇལ་ཁ་ཞུས། རིན་པོ་ཆེ་རྣམ་པ་གཉིས་ནས་ཀྱང་ཐུགས་དགྱེས་པའི་ངང་ནས་ལེགས་གསོལ་བསྔགས་བརྗོད་དང་བྱིན་མདུན་བཅས་བསྩལ་གནང་མཛད་པའོ།། དགེ་ཚོགས་ཅི་མཆིས་མཁའ་མཉམ་འགྲོ་བ་ཡོངས་ལ་བསྔོའོ། །དགེའོ། །ཐ་ཚན་མུ་ཙུག་སྨར་རོ། །

གནས་ཚུལ་འབྲི་བ་པོ། འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན་ལགས། རྩོམ་སྒྲིག་པས་བཅོས་བསྒྱུར་གང་ཡང་ཞུས་མེད།

པར་རིས་མཐུན་སྦྱོར་བ་ཁྱུང་ཁྲི་རྒྱལ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཡེ་ཤེས་མེ་དཔུང་གི་རྩ་རླུང་ཞག་བརྒྱའི་ཉམས་ལེན་གྲུབ་པའི་གནས་བསྡུས།