གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་གཤེན་བསྟན་༧སྨན་རིའི་གླིང་དུ་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་། སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།

༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་རྒྱལ་ལོ་ ༣༡༦༡ ཤིང་འབྲུག་ལོའི་བོད་ཟླ་ ༠༡ པོའི་བོད་ཚེས་ ༤།༥ དང་།

ཕྱི་ལོ་ ༢༠༢༣ ལོའི་ཟླ་༢ ཚེས་༡༣། ༡༤བཅས་ཉིན་གཉིས་རིང་། ཞྭ་དཀར་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་གཞལ་ཟླ་བྲལ་བ། བརྒྱུད་གསུམ་བོན་གྱི་འདུས་སོ། །ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་སྐུ་བལྟམས་ནས་མི་ལོ་ ༦༦༨ འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་འཚོགས་ཡོད་པ་རེད།

ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་ཕྱག་ཚོད་ ༥།༣༠ ཐོག་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་སྟེ་གྲྭ་ཚང་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་འཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེས་ནས་བདེར་བར་གཤེགས་པ་སྟོང་གི་མཚན་སོགས་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་ནས་ཚོགས་གྲོལ་བ་དང་།

ཚེས་པ་ལྔ་ཉིན་ཞོགས་པའི་ཕྱག་ཚོད་བརྒྱད་པའི་སྟེང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་གཙོས་གྲྭ་ཚང་འདུས་མང་ནས་བསྟན་པའི་བ་དན་ཆེན་མོ་མཁའ་དབྱིངས་སུ་བསླངས་ནས་རབ་གནས་དང་ལྷ་རྒྱལ་བཅས་གསོལ་གྲུབ་རྗེས།    

སེར་འཕྲེང་དང་བཅས་བཅས་ཏེ་འཆམ་རར་ཕེབས་མཚམས་གཙུག་ལག་ཁང་གི་མདུན་ཐང་དུ་རྣམ་དག་འདུལ་བའི་གསོ་སྦྱོང་རྒྱས་པར་གསུང་གནང་བ་དང་།

དེ་རྗེས་ཕྱི་སྐོར་སེར་འཕྲེང་གྲུབ་མཚམས་སྒོ་འཁྱམས་སུ་གཤེན་རབ་མཆོད་རྔ་བརྡུངས་ནས་འདུལ་ཁང་དུ་གཡུང་དྲུང་ཀློང་རྒྱས་ཀྱི་སྨད་ཆོག་རྣམས་གསུངས་གནང་མཛད།

 དེ་རྗེས་དགེ་བཤེས་དང་གྲྭ་བཙུན་རྣམས་པ་ཀུན་འཆད་ར་ཐོས་བསམ་དགའ་ཚལ་དུ་རིག་ལམ་རྟགས་གསལ་ཀྱི་རྩོད་པ་དང་། གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་གནང་ཞིང་། དེ་ཡང་ ༧རྗེ་ཡི་ཞལ་ནས། ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན། རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། རྗེས་འཇུག་འགྲོ་བའི་དོན་ཆེད་དུ། བྱ་རྒྱལ་རྒོད་དུ་སྤྲུལ་ནས་ཀྱང་། མངོན་སུམ་འབྱོན་པར་ཞལ་བཞེས་ནས། ནུབ་ཕྱོགས་བདེ་ཆེན་གཤེགས་པར་མཐོང་། གསུང་པ་བཞིན། སྐབས་དེར་རྗེ་རིན་པོ་ཆེའི་སྤྲུལ་པ་བྱ་རྒྱལ་རྒོད་གཅིག་སྨན་རིའི་སྒྲུབ་ཁང་དང་འཆད་རའི་ཡང་སྟེང་མཁའ་དབྱིངས་སུ་ལྡིང་བསྐོར་ལན་འགའ་བྱས་ནས་མཐར་ནུབ་ཕྱོགས་སུ་བསྐྱོད་པར་ཡ་མཚན་ཆེན་པོ་ཀུན་གྱིས་མཐོང་ཡུལ་དུ་གྱུར།

ཕྱི་དྲོར་ཡང་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་འཚོགས་གྲོལ་ཏེ། ཡར་འཚོགས་སྐབས་བླ་བྲང་ནས་སྤོས་རྒྱས་སྣེ་དྲངས་ཏེ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གདན་དྲངས་ཤིང་འདི་ལོའི་སྒྲུབ་ཐོན་པ་གཉིས་འདུལ་ཁང་དུ་ཕེབས་ཡོད་པ་དང་། གསོལ་ཇ་གྲུབ་རྗེས་ཚོགས་ཆེན་དགེ་སྐོས་མཆོག་ནས་ཚོགས་གཏམ་དང་། གྲྭ་ཚང་གཉེར་པ་ལགས་ནས་སྨན་རིའི་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་སྙན་སྒྲོན་གནང་ཡོད་པ་དང་།

དེ་རྗེས་༸གདན་ས་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་ཐོན་པ་འབྲུག་གསས་གཡུང་དྲུང་རྒྱལ་པོ་དང་། ཀུན་ཁྱབ་བསམ་གཏན་རྒྱ་མཚོ་ལགས་གཉིས་ལ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་གྲུབ་གྲྭ་མཐར་ཕྱིན་གྱི་ཕྱག་འཁྱེར་དང་མགུལ་དར་བཅས་བསྩལ་གནང་བ་དང་། གཙུག་ལག་ཁང་དུ་ཁྲི་བཞེངས་དང་བླ་གྲྭ་འདུས་མང་ནས་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་རེད།

དེ་ཡང་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་ནི་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ལམ་སྟོན་དང་ཐུགས་བཀོད་འོག་སྨན་རིའི་གླིང་ནས་བསླབ་པ་འཆད་ཉན་ཐོན་རྗེས། དངོས་གཞིའི་ཉམས་ལེན་གྱི་སྡེ་གལ་གནད་དུ་གཟིགས་ནས་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༤ སྤྱི་ཚེས་ ༡༥ ཉིན་ཚོགས་འདུ་སྐོང་ཚོགས་བརྒྱུད་སྒྲུབ་གྲྭ་བའི་བཅའ་ཁྲིམས་གཏན་ལ་བབས་ཤིང་།

ལོ་དེའི་བོད་ཟླ་༣ ཚེས་ ༡༩ ཉིན་སྐབས་དང་པོའི་སྒྲུབ་གྲྭ་བ་རྣམ་པས་རིམ་བཞིན་སྔོན་འགྲོ་འབུམ་དགུའི་བསོག་སྒྲུབ་དང་མུན་མཚམས་བཅད་རྒྱའི་ཉམས་ལེན་སོགས་མདོར་ན་སྒྲུབ་པ་ཉམས་ལེན་གྱི་སྡེའི་སྦྱང་བྱ་ཡོངས་སུ་གྲུབ་ནས། སྔར་ལོའི་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་སྒྲུབ་ཐོན་གནང་ཡོད་པ་དང་། འདི་ལོར་ཡང་གོང་གསལ་གཤེན་གྱི་རྣལ་འབྱོར་བ་གཉིས་སྒྲུབ་ཐོན་གྱི་ཕྱག་ཁྱེར་བསྩལ་བའི་མཛད་སྒོ་འཚོགས་གནང་ཡོད་པ་རེད།

དགོང་དྲོར་མར་མེའི་མཆོད་པ་ཕུལ་ཞིང་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ལ་མཇལ་ཁ་ཞུས་པ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་གསུངས་གནང་རྗེས། བཀའ་རམས་པ་རྒན་པ་གཉིས་ཀྱིས་རྟེན་འབྲེལ་གྱིས་རྟགས་གསལ་རྩོད་ལན་དང་། དེ་བཞིན་སྟག་གཡག་སེང་འཆམ་བཅས་འཆམ་གྲུབ་མཚམས་སྨན་རིའི་འདུལ་ཁང་ཆེན་མོ་དང་། སྒྲུབ་ཁང་། བླ་བྲང་བཅས་སུ་གཤེན་རབ་མཆོད་རྔ་བརྡུང་ཞིང་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་ཞུས་ཏེ་འཁྲུངས་མཆོད་ཀྱི་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།