གཡུང་དྲུང་བོན་གྱི་དྲྭ་རྒྱ།

བཀའ་རམས་པ་དབྲ་ཚ་དྲང་སྲོང་ཤེས་རབ་གཡུང་དྲུང་གྲགས་པ་ལགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ་རྩོབ་དེབ་གསར་པ་འགྲེམས་སྤེལ་བྱས་པ།

བཀའ་རམས་པ་དབྲ་ཚ་དྲང་སྲོང་ཤེས་རབ་གཡུང་དྲུང་གྲགས་པ་ལགས་ཀྱིས་དགེ་བཤེས་མཛད་སྒོ་དང་འབྲེལ་དབལ་ཕུར་བོན་སྐོར་ལ་དཔྱད་པ་ཞེས་པའི་དཔེ་དེབ་གཅིག་འགྲེམས་སྤེལ་གནང་སོང་།

དཔེ་དེབ་ཀྱི་མཇུག་བསྡོམས།

<<དབལ་ཕུར་བོན་སྐོར་ལ་དཔྱད་པ།>> ཞེས་པ་འདིའི་རྩོམ་ལུས་ཀྱི་གྲུབ་ཆར་ལེའུ་ལྔའི་བདག་ཉིད་ཅན་ཞིག་ཡིན་ལ།  དེ་ཡང་ཐོག་མར་སྔོན་འགྲོའི་ལེའུ་ནང་དུ། ཆེད་རྩོམ་འདི་ཡི་དཔྱད་གཞིའི་ཡིག་ཚང་གཙོ་བོ་དང་། འབྲེལ་ཆགས་ཀྱི་ཡིག་ཚང་ཁག་ངོ་སྤྲོད་བྱས་ཡོད་ཅིང་། དེའང་ད་ཡོད་ཕུར་པའི་བོན་སྐོར་སྤྱི་བཤད་ཙམ་ལས། པོད་རེ་རེའི་ནང་བཞུགས་མངོན་རྟོགས་དང་། སྐོང་བ། སྦྱིན་སྲེག་བཅས་ཀྱིས་མཚོན། མདོར་ན་པོད་གཅིག་ནང་བཞུགས་གཞུང་གི་ཆ་ལག་ཁག་ཆ་ཚང་ངོ་སྤྲོད་ཞུས་མེད། མ་ཟད་ད་ཡོད་ཕུར་པའི་བོན་སྐོར་ཡོད་དོ་ཅོག་ཅི་ཙམ་ཡོད་མེད་ཀྱང་བཤད་ཁག་པོར་མཐོང་། གང་ཞེ་ན། ཕྱི་དར་བསྟན་པའི་ལོ་རྒྱུས་གཏེར་བྱང་ཁག་ཏུ་གསལ་བ་ལྟར་ན་ཕུར་པའི་བོན་སྐོར་ལ་ཧ་ཅང་གཞི་རྒྱ་ཆེ་བ་ཡོད་པར་གསལ་བས། ཁོ་བོས་ནི་དེ་ལྟར་བཀའ་རྒྱུད་རྒྱ་མཚོའི་ནང་ནས་ཆུ་ཐིགས་ཀྱི་ཟེགས་མ་ཙམ་ཞིག་ལས་ལོངས་སྤྱོད་ཀྱི་བགོ་སྐལ་དུ་མ་འབྱོར་བར་ལྟ་བུ་ཚོར། དེའང་བོད་མདོ་དབུས་ཁམས་གསུམ་ལ་གནས་བཞུགས་གཙོས། བོན་འབངས་ལྷ་སྡེ་རེ་རེ་ནང་བཞུགས་དཔེ་སྒྲོམ་གྱི་གླེགས་བམ་ཇི་ཡོད་སྔོག་འདོན་གྱིས་ལྟ་ཀློག་མ་ཐུབ་ཚེ། རང་ལུགས་ཀྱི་ཕུར་པའི་བོན་སྐོར་ལ་ཚོད་རྩིས་བྱེད་ཐུབ་པ་ཞིག་ག་ལ་ཡིན་སྙམ།

 ལེའུ་གཉིས་པ། གླེང་གཞི་ཕུན་སུམ་ཚོགས་པ་བདུན་དང་འབྲེལ་ཏེ། མཛད་མཁན་དཔོན་གསས་སྟག་ལ་མེ་འབར་སྐོར་ཅུང་རྒྱས་བཤད་དང་། ད་དུང་ད་ལྟའི་བར་བསྟན་པ་སྔ་དར་དང་། ཕྱི་དར་གཉིས་ཀྱི་བརྒྱུད་རིམ་ཁྲོད་དར་ནུབ་ཇི་ལྟར་བྱུང་མིན་ཐད་ཅུང་རྒྱས་པར་བྲིས་ཁུལ་ཡིན་ན་ཡང་། གཏེར་གནས་དང་། གཏེར་སྟོན་གྱི་ངོ་སྤྲོད་སོགས་ཀྱི་ཐད་ནས་དེ་ཙམ་རང་བློར་ཁེངས་པའི་ཞིབ་ཚགས་བྱུང་མ་ཐུབ་པས་དེ་ཡང་སྟོང་ཆ་ཆེན་པོ་ཞིག་ལུས་ཡོད།

 ལེའུ་གསུམ་པ། གཞུང་དོན་དངོས་ལ་དཀྱིལ་འཁོར་རྣམ་པ་གསུམ་དང་འབྲེལ། ཕུར་པའི་ལྷ་འཁོར་སོགས་བཤད་ཡོད། རྩ་འཁོར་གྱི་རྣམ་བཞག་ཀྱང་རྒྱུད་སོགས་ལ་གཞི་བཅོལ་ཏེ་འགྲེལ་གང་ཐུབ་ཞུས་ཡོད། ཁྲ་ཐབས་གཟེ་མའི་སྐོར་ལ་“གཏི་མུག་གཉེན་པོ་གཏི་མུག་ལྷར་བཞེངས་པ་”ཞེས་པའི་ལུང་དོན་དང་འབྲེལ་ཟབ་རྒྱས་ཚུལ་དུ་བཀོད་ཡོད་པས་སྔར་བས་གསལ་ཁ་ཅུང་ཟད་ཐོན་ཡོད་སྙམ།

 ལེའུ་བཞི་པ། བསྙེན་སྒྲུབ་ལས་གསུམ་སྐོར་རྒྱུད་དང་། འགྲེལ་ཆེ་ཆུང་གཉིས། ཕྱག་བཞེས་དང་ཟིན་རིས་ཁག་གཤིབ་བསྡུར་བྱས་ཏེ། དོགས་སློང་མང་པོ་བྱས་ཡོད་ལ། དེ་དང་འབྲེལ་བའི་བསམ་ཚུལ་སོགས་ཀྱང་བཀོད་ཡོད།

མ་ཟད་སྐབས་འདིར་གསང་སྔགས་ཕུར་པའི་སྒྲུབ་གཞུང་གི་བསྙེན་སྒྲུབ་ཡན་ལག་རྣམས་ངོས་འཛིན་བྱས་ཡོད་ལ། བསྙེན་སྒྲུབ་ཡན་ལག་སྐོར་ལ་བྲིས་པ་མང་པོ་མཇལ་རྒྱུ་ཡོད་ན་ཡང་། གསང་སྔགས་སྒྲུབ་གཞུང་གཅིག་གི་དབང་དུ་བྱས་ཏེ། སྐབས་དང་དུས་གང་ལ་བསྙེན་སྒྲུབ་ཡན་ལག་རྣམས་སྦྱར་ཚུལ་དེ་ཙམ་ཁ་གསལ་མ་མཐོང་། གཞན་ཡང་ཐེག་པ་དགུ་ཡི་འཕྱོང་ཆེན་དགུ་རྣམས་སྐབས་དང་དུས་གང་ལ་བྱ་དགོས་པ་ཁ་གསལ་བྲིས་ཡོད། འོན་ཀྱང་དེ་ཙམ་གྱིས་སྐབས་འདིར་ཕུར་པའི་བོན་སྐོར་ལ་མཚོན་ན། སྟོང་ཆ་ཡོད་ཚད་བསྐང་ཐུབ་ཐབས་མེད་ན་ཡང་། ཕུར་གཞུང་རྒྱུས་ལོན་བྱེད་པ་ལ། “ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་” ཀྱི་ཚུལ་དུ་ཕན་ནུས་ཅུང་ཟད་ཙམ་ཐོན་རེ་བཅང་ཡོད།

 ལེའུ་ལྔ་པ། ཕུར་པའི་གལ་གནད་གཞན་སྐོར་ལ།

དང་པོ། སྔ་ཕྱིར་བོད་ཀྱི་མཐོ་རིམ་མི་སྣ་བླ་ཆེན་དང་། ལོ་ཙཱ་བ་ཆེན་མོ་སོགས་ཀྱིས་དམིགས་བཀར་གྱིས་ཕུར་པའི་བོན་སྐོར་ལ་རྩོད་པ་བྱུང་བ་རྣམས་ལ་གཞིགས་ནས། མཐའ་དོན་ལྟ་བུ་སོ་སོའི་བསམ་ཚུལ་སོགས་བཀོད་ཡོད། ཕུར་པའི་བོན་སྐོར་ལ་ཞིབ་འཇུག་དང་རྒྱུས་མངའ་བྱེད་པ་ལ་འདི་དག་གལ་གནད་ཤིན་ཏུ་ཆེ་བར་མཐོང་བས། ཞིབ་ཚགས་ཀྱང་གང་འཚམས་བྱས་པའི་ཁུལ་ཡིན།

 གཉིས་པ། ཕུར་པའི་སྒྲུབ་གཞུང་ཕལ་ཆེར་སྤྱི་ཁོག་གི་དབང་དུ་བྱས་ན་སྤྱི་དོན་ཉེར་ལྔས་ཁོག་ཕུབ་ཡོད་པས། སྤྱི་དོན་རེ་རེ་བཞིན་ཕུར་རྒྱུད་དགུ་པོ་གང་ནས་བཏུས་ཡོད་མེད་སོགས་བྲིས་ཡོད། འདིའི་སྐོར་ད་དུང་ཞིབ་དཔྱད་བྱེད་རྒྱུ་མང་པོ་མཐོང་ཡང་། སྐབས་འདིར་དེ་ཙམ་ལས་གཏིང་མཐའ་མངོན་པ་ཞིག་མ་ཐུབ་པས། སླད་མར་མཐུན་རྐྱེན་འཛོམས་སྐབས་འབྲི་འདུན་ཡིད་ལའང་འཆང་ཡོད།

གསུམ་པ། སྤྱི་ཡོངས་ནས་རྒྱུད་སྡེ་གོང་མ་གཉིས་ཀྱི་ཁྱད་པར་དང་། ལྷག་པར་དུ་ཕུར་གཞུང་འདི་ཉིད་ཐེག་པ་གང་དུ་གཏོགས་མིན་ཐད་ལ། རྒྱབ་རྟེན་བཀའ་དང་བཀའ་བརྟེན་རྣམས་ལས་ལུང་འདམ་གྱི་ཕུར་པ་ལྟར་གར་དྲང་དྲང་དུ་འོང་བའི་རིགས་ཙམ་མ་ཡིན་པར། གསལ་ཁ་ཅན་རྣམས་དྲངས་ཏེ་བསམ་ཚུལ་བཀོད་ཡོད།

 སྤྱི་བསྡོམས་ཚུལ་དུ་ཞུ་འདོད་པ་ཞིག་ལ། དེ་ལྟར་རྩོམ་གཞུང་ཡོངས་སུ་རྫོགས་པ་རྩོམ་པ་པོ་རང་ཉིད་ཀྱི་མངོན་འདོད་ཐོག་ནས་དཔྱད་བརྗོད་གཙོ་བོར་བྱས་ཡོད། དེ་མིན་མཛུབ་སྟོན་དགེ་རྒན་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ཀྱི་དགོངས་ཚུལ་རྩོམ་ལུས་སྤྱི་ཡོངས་ལ་ནུས་ཤུགས་ཀྱང་སྤུངས་ཡོད། ཁོ་བོས་དཔྱད་བརྗོད་བྱས་པ་ཐམས་ཅད་རྒྱུ་མཚན་མེད་པ་དང་། ཡང་ན་རྒྱུ་མཚན་ཉི་ཚེ་བ་རང་ཉིད་ཀྱི་འདོད་པ་སྒྲུབ་བྱེད་ཙམ་དུ་ལུང་གང་བྱུང་བྱུང་དྲངས་པ་མ་ཡིན་པར། དཔེ་ལྟོས་དང་བསམ་གཞིགས་ལ་ནན་ཏན་བྱས་མཐར་རང་བློས་གང་ལྕོགས་པ་དེ་ཉིད་ཕར་དཔེ་གཞུང་ཁག་ལ་སྦྱར་བ་མ་གཏོགས། དཔེ་གཞུང་གི་དགོངས་པ་རང་འདོད་ལ་སྦྱར་ཏེ་འགྲེལ་བརྗོད་བྱས་མེད་ཅེས་བཤད་ཕོད། ད་དུང་མ་འོངས་པར་ཉམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ད་ལྟར་བྲིས་པའི་རྩོམ་འདི་ཉིད་ཀྱི་ལུས་ཧྲིལ་པོ་ལ་འགྱུར་བའང་འགྲོ་སྲིད་པས། ད་ལན་དཔྱད་བརྗོད་བྱས་པ་ཐམས་ཅད་དཔྱད་པ་ཡོངས་སུ་རྫོགས་པའི་གཏམ་ཡིན་པར་རློམ་མེད་ཅེས་ཞུའོ། །