གཡུང་དྲུང་བོན་གྱི་དྲྭ་རྒྱ།

བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ཀྱིས་དགེ་བཤེས་མཛད་སྒོ་དང་འབྲེལ་དཔེ་དེབ་གསུམ་འགྲེམས་སྤེལ་གནང་སོང་།

དེ་ཡང་བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ལགས་ནས་དགེ་བཤེས་མཛད་སྒོ་དང་འབྲེལ། ཁོང་ཉིད་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་“བོན་ལུགས་ཀྱི་བར་དོའི་སྐོར་གྱི་དཔེ་ཚོགས་ཕྱོགས་བསྒྲིགས་”ཅེས་པ་དང་། “མདོ་སྔགས་སེམས་གསུམ་གྱི་བར་དོའི་སྐོར་གྱི་ཆེད་རྩོམ།” “བསམ་གཟུགས་ལ་འཇུག་པའི་སྒོ་ལུང་དང་རིག་པ་ཚད་མའི་འོད་སྣང་”ཞེས་པ་གསུམ་འགྲེམས་སྤེལ་གནང་སོང་།

དེབ་དང་པོ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལུགས་སོ་སོའི་བར་དོའི་སྐོར་གྱི་དཔྱད་རྩོམ་གྱི་གླེང་བརྗོད།

བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་མཆོག་གི་ཞིབ་འཇུག་དཔྱད་རྩོམ་མིང་དུ་<<བོན་ལུགས་ཀྱི་མདོ་སྔགས་སེམས་གསུམ་གྱི་བར་དོའི་སྐོར་>>གྱི་དཔེ་དེབ་འདི་བཀླགས་པའི་ཚོར་སྣང་ཉུང་བསྡུས་ཤིག་ཞུ་རྒྱུ་ལ། ཁོང་ནི་རྟག་ཏུ་གསུང་རབ་ལ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་ལྷོད་མེད་གནང་མཁན་ཞིག་ཡིན་པས་ཁོང་གི་རེ་འདུན་ལྟར་ངོས་ནས་དཔྱད་རྩོམ་འདི་དུས་ཚོད་ཡོད་མིན་ལ་མ་ལྟོས་པར་གང་ཐུབ་བཀླགས་པ་ཡིན། ཁོང་གིས་པོ་སྟི་རྣམ་གྲངས་མང་པོ་བཀླགས་ནས་དེའི་སྙིང་དོན་གང་ལ་བབས་འདུག་པ་གསལ་བཤད་གནང་འདུག་པ་ནི་གསུང་རབ་ཁ་ཐོན་རྐྱང་པ་བྱེད་པ་དང་གཏན་ནས་མི་འདྲ། ལྷག་པར་དེང་སང་གི་དུས་སུ་བོད་རིགས་མཐོ་དམན་སྐྱ་སེར་ཕལ་མོ་ཆེ་འཇིག་རྟེན་གྲགས་པ་དང་དངུལ་དངོས་ལ་རག་ལས་པ་མང་བར་བརྟེན། རྡོ་རུས་ཐུག་པའི་སློབ་གཉེར་གྱི་གྲུབ་འབྲས་དང་རིན་ཐང་ནི་ཤིན་ཏུ་དམན་པར་གྱུར་པ་དེ་ལྟ་ནའང་། ཚ་བའི་ལུང་པར་ངལ་བ་ཁྱད་དུ་བསད་དེ་ཤོག་གྲངས་སྟོང་ཕྲག་བརྒལ་བར་ཞིབ་འཇུག་བྱེད་དེ་གྲུབ་དོན་མིག་སྔར་བསྟན་པའི་རྩོམ་ཡིག་འདི་ལྟ་བུར་དོ་སྣང་བྱེད་མཁན་མང་པོ་འབྱུང་དཀའ། དེ་ནི་ལྡོག་ཕྱོགས་ཀྱི་ལྗིད་ཚད་ཙམ་ལས་རྩོམ་ཡིག་གི་གནས་བབས་ཀྱིས་ནི་མ་ཡིན།

ངས་རྩོམ་ཡིག་འདི་བཀླགས་སྐབས་མངོན་གསལ་དུ་ཚོར་བ་ཁ་ཤས་ཤིག་ཞུ་ན། འདི་ནི་རྗོད་བྱེད་དང་བརྗོད་བྱའི་ཆ་གཉིས་ཀ་ནས་གནས་བབས་མཐོན་པོའི་ཚད་དུ་མཐོང་སྟེ། འཕྲལ་སེལ་གྱི་ཚོང་ལས་གཅིག་པུར་བློ་མ་ཕྱོགས་པའི་ཚད་ལྡན་གྱི་དཔར་སྐྲུན་སྡེ་ཚན་ཞིག་ཡིན་ན། ཐོག་མའི་རྨང་གཞིར་རྩོམ་ཡིག་གི་རྗོད་བྱེད་ཀྱི་ཆ་ལ་ཚད་གཞི་ལོན་དགོས་པ་དེ་རེད། མིག་སྔར་དཔར་སྐྲུན་མཐུན་སྦྱོར་རྙེད་པ་ཙམ་གྱིས་ཚད་གཞི་མ་ལོངས་པའི་ཕལ་སྐད་རྩོམ་རིག་ལ་རྒྱབ་ཀྱིས་ཕྱོགས་པའི་པོ་སྟི་ཇི་ཙམ་བཏོན་པ་དེ་ཙམ་གྱིས་མི་རིགས་ཀྱི་རྩོམ་རིག་ལ་ཆག་སྒོ་ཆེན་པོ་ཞིག་ཡིན་པས་རྩོམ་རིག་གི་མ་ལག་དང་སྒྲོམ་གཞི་ཆ་ཚང་རྩད་ནས་གཅོད་པའི་རྡུལ་ཕྲན་མཚོན་ཆ་ཞིག་དང་འདྲ་ནའང་། དཔྱད་རྩོམ་འདིའི་རྩོམ་རིག་གི་ཆ་ནས་ཕལ་སྐད་དང་། ལབ་བརྡོལ། བཙན་སྒྲིག གོ་མེད་སོགས་ཀྱིས་མ་བཅིངས་པར་ཚིག་རེ་རེ་བཞིན་གལ་གནད་རེ་བསྟན་ཅིང་། མང་ན་མི་དགོས་པ་དང་ཉུང་ན་མི་འདུ་བ་ཟེར་བ་ལྟར་ཚད་གཞི་ལོན་པ་ཞིག་ཏུ་མཐོང་བས་རྩོམ་པ་པོ་ཁོང་ཉིད་དུས་རྒྱུན་དུ་རྩོམ་རིག་ལ་དོ་སྣང་གནང་མཁན་ཞིག་ཡིན་པ་རྟོགས་ཐུབ། བརྗོད་བྱའི་ཆ་ནས་ཁོང་གིས་བར་དོའི་ཉམས་ལེན་དེ་ཡིན་པ་ནི་བརྗོད་གཞི་གལ་ཆེན་ཞིག་ལ་འཇུས་པ་རེད། དེང་སང་གི་དུས་སུ་མི་རྣམས་ལ་ཉམས་ལེན་བྱེད་པའི་དུས་ཚོད་ཧ་ཅང་ཐུང་བས་མི་ཚེ་འདིའི་རིང་ལ་འབད་བརྩོན་ཆེན་པོ་མ་ཐུབ་ཀྱང་བར་དོའི་སྐོར་གྱི་ཉམས་ལེན་ལ་དོ་སྣང་གང་ཐུབ་བྱས་ན་དེ་ཧ་ཅང་རླབས་ཆེན་པོའི་འབྲས་བུ་འབྱུང་བ་གསུང་རབ་ཕལ་ཆེར་ནས་བཤད་པ་ལྟར་བར་དོའི་སྐོར་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ་དེ་གལ་ཆེན་དུ་ཆགས་ཡོད།

ངས་མཐོང་ཚུལ་ལ་ཁོང་གི་རྩོམ་ཡིག་གི་བརྗོད་བྱ་དེ་ཧ་ཅང་རྒྱ་ཆེ་བ་ནི་མདོ་དང་སྔགས་དང་རྫོགས་ཆེན་གསུམ་ཀའི་དབང་དུ་བྱས་ཏེ་དཔྱད་པའི་ཆ་ནས་མ་རེད། ཁོང་གིས་དེ་གསུམ་ཀར་ཧ་ཅང་རྒྱས་པོ་ལུང་རིགས་དང་དཔེ་ཁུངས་ཁ་གསལ་དང་བཅས་ཏེ་གསལ་བཤད་གནང་འདུག་པ་དེ་རེད། དཔེར་ན་བར་དོའི་སྐོར་གྱི་བོན་གྱི་དཔེ་ཐོ་ཞིག་ང་ལ་བསྐུར་བྱུང་བ་དཔེ་དེ་རྣམས་ཀྱི་ནང་ནས་ཚང་མའི་བསྟན་དོན་གསལ་བཤད་གནང་བ་དེ་ལས་སླ་པོ་ཞིག་མ་རེད་ལ། དུས་ཚོད་ཀྱང་ཧ་ཅང་འགོར་ངེས་རེད། འབད་བརྩོན་འདི་ལྟ་བུ་གནང་བ་དེས་མ་འོངས་པར་རྩོམ་ཡིག་འདི་གཅིག་པུ་ལ་བརྟེན་ནས་ཁྱོད་ཀྱིས་བར་དོའི་སྐོར་ཀྱི་གནས་ལུགས་ཆ་ཚང་རྟོགས་ཐུབ་པ་དེ་ཁོང་གི་རེ་འདུན་ནང་གི་གཅིག་ཡིན་པ་འདྲ་ལ། དེ་ལྟ་བུར་ཆོག་པ་ཞིག་ཏུའང་མཐོང་བས་གལ་སྲིད་བརྗོད་བྱ་འདིའི་སྐོར་ལྟ་ཀློག་གནང་མཁན་ཀུན་གྱིས་ཁོང་ལ་ཐུགས་རྗེ་ཆེ་ཞུ་འོས།

བར་དོའི་སྐོར་ལ་གསང་སྔགས་དང་རྫོགས་ཆེན་གཞུང་ནས་རང་རང་གི་ལུགས་སུ་རྒྱས་བཤད་ཆེན་པོ་ཡོད་ཀྱང་། སྐབས་འགར་སྔགས་རྫོགས་ལྷན་དུ་ཉམས་བཞེས་གནང་མཁན་རྣམས་ཀྱིས་ཉམས་ལེན་གྱི་གནད་ཐམས་ཅད་ལྷན་ཅིག་ཏུ་བསྲེས་ཏེ་གསུངས་པ་དང་། སྐབས་འགར་བར་དོའི་དབྱེ་བ་མང་པོ་ཕྱེས་ཏེ་དེ་དག་གི་ས་མཚམས་ལ་མགོ་རྨོངས་པའང་འབྱུང་གི་ཡོད་པར་བརྟེན། བར་དོའི་སྐོར་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་དཔེ་དེབ་འདི་ལྟ་བུར་ཐོག་མར་སློབ་སྦྱོང་གང་ལེགས་ཤིག་བྱ་དགོས་པར་མཐོང་། ངས་རྩོམ་ཡིག་འདི་བཀླགས་པའི་བརྒྱུད་རང་ལའང་གནས་ཚུལ་གསར་པ་མང་པོ་རགས་སོང་བ་ནི། དཔེར་ན་དཔེ་ཁ་ཤས་ལས་བར་དོའི་དབྱེ་བ་བརྒྱད་བསྟན་པ་ལྟ་བུ་དང་། སྔར་མ་མཐོང་བའི་དཔེ་མང་པོ་ངོ་སྤྲོད་གནང་འདུག་པ་ལྟ་བུ་རེད། གཞན་ཡང་འཆི་བ་འོད་གསལ་དང་། འོད་གསལ་གྱི་བར་དོ་སྐོར་དབྱེ་བ་ཡག་པོ་མ་ཆོད་ནས་བཤད་པ་ཅི་རིགས་བྱས་པ་སྔར་ནས་མཐོང་བས་ཁོང་གིས་འོད་གསལ་ལ་ངོ་སྤྲོད་ཚུལ་སྐོར་རིམ་པ་དུ་མར་འབྱུང་བ་ལ་ནོར་མི་རུང་བའི་གསལ་བཤད་གནང་སྟེ་སྔགས་རྫོགས་གཞུང་ནས་གསུངས་པའི་འཆི་ཁའི་འོད་གསལ་དང་། བོན་ཉིད་འོད་གསལ་གྱི་བར་དོ་གཉིས་རྒྱས་པོར་བྲིས་པ་དེ་དག་ལ་ཡི་རང་ཞུ་འོས་པ་མཐོང་།

རྫོགས་པ་ཆེན་པོར་མཐར་ཐུག་གི་གྲོལ་བ་ཐོབ་ཚུལ་དང་ལྷག་པར་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཚུལ་ལ་ལུས་རྒྱ་རལ་བའམ་ལུས་དོར་བའི་རྗེས་ནས་བཤད་པ་ཁྱབ་ཆེ་བས་མ་ཤི་གོང་དུ་སངས་རྒྱས་པ་མེད་པ་ལྟ་བུར་འདུག་ཅེས་ཁོང་གིས་སྡོམ་ཚིག་བརྒྱབས། དེ་སྐོར་ཕྲན་ནས་སངས་རྒྱས་པ་དེ་ལ་ཡེ་སངས་རྒྱས་པ་དང་། མངོན་སངས་རྒྱས་པ་དང་། རྫོགས་སངས་རྒྱས་པ་སོགས་ཀྱི་རྣམ་གཞག་ཡོད་པ་དང་། སེམས་ཅན་གྱི་ལུས་ལ་སངས་རྒྱས་ཀྱི་དགོངས་པ་ཅན་སོགས་དང་། གཞན་ཡང་དབང་པོ་རབ་ལ་ཚེ་འདིར་གྲོལ་བའི་གདམས་པ་དང་། འབྲིང་བར་དོར་གྲོལ་བ་སོགས་ཀྱི་དྭོགས་སློང་ཡང་ཐད་ཀར་ཕུལ་ཡོད་ཀྱང་དཔེ་ཕལ་མོ་ཆེས་ལུས་རྒྱ་ཞིགས་ནས་ཁྱུང་ཕྲུག་ནམ་མཁར་འཕུར་བ་ལྟར་གསུངས་པས་ཁོང་གིས་དཔྱད་ཚུལ་དེ་ཡང་གལ་ཆེན་དུ་མཐོང་།

ཁོང་གིས་གནད་ལ་ཁེལ་བའི་དཔྱད་ཞིབ་ཀྱིས་གསུང་རབ་ལས་བོན་ཉིད་འོད་གསལ་གྱི་ཐ་སྙད་ཡོད་པའི་བར་དོའི་གནས་སྐབས་ཐམས་ཅད་གཅིག་ཏུ་འཁྲུལ་མི་རུང་བར་གསུངས་པ་དེ་ཧ་ཅང་ལེགས་ཏེ། འོད་གསལ་དེ་གཞི་ལ་རང་ཆས་སུ་ཡོད་པའི་དབང་གིས་གནས་སྐབས་མང་པོར་འཆར་བ་ཡིན་ཡང་། བོན་ཉིད་འོད་གསལ་གྱི་བར་དོ་དངོས་ཀྱི་སྐབས་སུ་གང་ཟག་དེ་ཉིད་གཞི་ཐོག་ནས་ཚུར་ལྡང་བའི་རྐྱེན་རྩལ་ཤར་གྱི་འོད་གསལ་རིམ་པ་སྣ་ཚོགས་ཤར་ཏེ་རང་གི་ཕྱི་མའི་འཁོར་བའི་ལུས་འགྲུབ་པར་བྱེད་པ་ནི་སྤྱིར་བཏང་འོད་གསལ་དང་སྒྲ་འོད་ཟེར་གསུམ་ཕལ་པ་དང་མི་འདྲ་བས་སོ། །

མཁས་གྲུབ་སྨྲ་བའི་དབང་པོ་འགྲོ་མགོན་བློ་གྲོས་སོགས་ཀྱི་དགོངས་པ་ལྟར་ལྷན་སྐྱེས་ཀྱི་མ་རིག་པ་དེ་གློ་བུར་བ་ཡིན་ཡང་སྐྱེས་ཕྱིན་ཆད་ནས་གཞི་དང་མཚུངས་ལྡན་དུ་ཡོད་པ་དཔེར་ན་དྲི་ལྡན་གྱི་སྣོད་ལྟ་བུ་གསུངས་པ་འཐད་ཕྱོགས་སུ་བཟུང་བ་དང་། ལྷན་སྐྱེས་ཀྱི་མ་རིག་པ་དེ་ཡེ་ཤེས་དང་ལྷན་སྐྱེས་སུ་གསུངས་པ་ལ་ཞིབ་ཆ་བྱས་པ་བཟང་པོར་མཐོང་སྟེ། དོན་དུ་མ་རིག་པ་ལ་ལྷན་སྐྱེས་ཀྱི་གོ་བ་ནི་དེ་གློ་བུར་བ་ཡིན་ཡང་རྩལ་ཤར་གྱི་རིག་པའི་ཡེ་ཤེས་དང་ལྷན་དུ་སྐྱེས་ཚུལ་ལ་རིགས་ལམ་བཟང་པོར་ཡོད་པར་མཐོང་ལ། ད་དུང་རིག་པའི་ཡེ་ཤེས་དེས་ངོ་ཤེས་ཚུལ་ལ་ཀུན་རྫོབ་ཀྱི་ཤེས་རིག་དང་མི་འདྲ་ཚུལ་རྒྱས་པར་ཡོང་ངེས་སོ། །རྫོགས་ཆེན་གྱི་གྲུབ་མཐའ་ཀ་དག་པ་དང་ལྷུན་གྲུབ་པའི་འདོད་ཚུལ་ཐད་རང་རང་གི་མཚན་ཉིད་རིག་པའི་སྲོལ་རེ་འདེད་རྒྱུ་ཡོང་སྲིད་ཀྱང་དོན་དུ་ལྷུན་གྲུབ་ནི་ནུས་པ་འབྱུང་རུང་ལ་གོ་བ་ལས་མ་རིག་པ་དང་པོ་ནས་སྐྱེས་པ་ལ་གོ་ན་སྟབས་མི་བདེ། དེ་བཞིན་ལྷན་སྐྱེས་ཀྱི་མ་རིག་པ་དེ་གཞི་ཡི་ཆོ་འཕྲུལ་ལས་བྱུང་བས་རྒྱུ་མེད་ལས་བྱུང་བར་མི་འགྱུར་བ་དང་། གློ་བུར་བ་ཡིན་པས་མ་རིག་པ་ཐུག་མེད་དུ་འགྱུར་བའི་སྐྱོན་མེད་པའི་ལུང་གིས་གསལ་བར་བྱས་པ་སྡོམ་ཚིག་འཇོག་པ་ལ་ཧ་ཅང་ཕན། ལར་ནས་རྫོགས་པ་ཆེན་པོར་མ་རིག་པ་དེ་མདོ་སྔགས་ཀྱི་ལྟ་གྲུབ་གཞན་དང་མི་འདྲ་བར་ངོ་བོ་དང་རང་བཞིན་ཐུགས་རྗེ་གསུམ་གྱིས་འཁྲུལ་པའི་རྒྱུ་དང་རྐྱེན་དང་འབྲས་བུ་བྱས་ཏེ་བློ་ཡི་ངོ་བོ་རགས་སུ་སོང་ཚུལ་ལ་བསམ་ན་ཐོག་མའི་མ་རིག་པ་དེ་རྒྱུུ་བདག་ཉིད་གཅིག་པའི་མ་རིག་པ་དང་། དེ་ནས་རང་བཞིན་ལྷན་ཅིག་སྐྱེས་པའི་མ་རིག་པ། དེ་ནས་འབྲས་བུ་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་ངེས་པར་མ་རིག་པ་ལ་འཛིན་སྟངས་རགས་པ་ཡིན་མི་དགོས་པར་སྣང་།

གཞན་ཡང་འཁོར་བ་ལ་ཐོག་མ་ཡོད་མེད་ཀྱི་རྩོད་པ་དང་རྩོད་སྤོང་སྔར་ནས་གནང་སྲོལ་བྱུང་བའི་ཚུལ་དེར་ཞིབ་ཆ་བཀོད་པའང་རིག་ལམ་གྱི་ཡང་རྩེར་སོན་པའི་གནའ་རབས་མཁས་པའི་བརྒལ་བརྟག་གི་ཚུལ་གསལ་སྟོན་གནང་བ་དེ་ཤིན་ཏུ་ལེགས་ལ། མཁས་པའི་རྩོད་པ་དེ་རིགས་ལ་ཕྱི་མིག་བལྟ་དུས་མཚན་ཉིད་རིག་པའི་སྒྲ་རྟོག་གི་ཚད་མར་མཐར་ཐུག་ཏུ་མེད་པའི་བདེན་དཔང་ཡང་ལམ་མེར་མངོན།  དེབ་འདིར་དྲངས་པའི་ལུང་རྣམས་ཀྱི་ཁུངས་དང་མཛད་པ་པོ་རྣམས་དང་གཏེར་སྟོན་དང་བཅས་པའི་ལོ་ཚིགས་ལ་གསལ་ཁ་ཧ་ཅང་གནང་བ་ནི་བར་དོའི་སྐོར་གྱི་བརྗོད་བྱ་རིན་པོ་ཆེའི་བང་མཛོད་དུ་འཇུག་པའི་ལྡེ་མིག་ཉག་གཅིག་ཏུ་གྱུར་འདུག་པ་བསྔགས་འོས་ཀྱི་གནས་སུ་གྱུར། དེར་བརྟེན་དཔྱད་རྩོམ་འདི་འདྲ་མིག་སྔར་འགྲེམས་སྤེལ་ཐུབ་པ་དེས་སློབ་གཉེར་བ་རྣམས་ལོ་མང་ཚ་གྲང་དཀའ་བ་བརྒྱ་ཕྲག་སྤྱད་དེ་དབེན་དགོན་དུ་འབད་བརྩོན་གནང་བ་དེར་འབྲས་བུ་མངོན་གསལ་དུ་བཏོན་པའི་རྟགས་ཡང་དག་ཅིག་ཏུ་སོང་། ཤེས་ལྡན་ཀུན་གྱིས་སློབ་གཉེར་གྱི་འབྲས་རྟགས་འདི་ལྟ་བུར་དོ་སྣང་ཆེན་པོ་བྱ་བར་རིགས་སོ་ཞེས་ཞུ་བར་འདོད་དོ།། །། ཞེས་གསུང་རབ་སློབ་པ་ལ་འདུན་པ་ཆེའང་ལེ་ལོས་དུས་འདའ་བ་དྲང་སྲོང་རྣམ་རྒྱལ་གྱིས། ཕྱི་ལོ་༢༠༢༤ལོའི་ཟླ་༡ཚེས་༡ཉིན་སྟོབས་འབྱོར་ཚན་རྩལ་ཕུན་སུམ་ཚོགས་ཀྱང་། ནང་སེམས་ཀྱི་ཞི་བདེས་དབུལ་བའི་ཨ་རིའི་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁེ་ལི་ཧྥོར་ནི་ཡར་རང་གི་བསམ་ཚུལ་ལྷུག་པོར་བྲིས་པ་དགེ། །།

བཀའ་དྲིན་ཆེ་ཞུ་དང་རྩོམ་པ་པོའི་གསལ་བཤད།

༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་འདུས་སྡེའི་སློབ་ཚན་གྱི་འཛིན་རིམ་ཐོན་ཟིན་པའི་སློབ་གཉེར་བ་རྣམས་སླར་ཡང་དམིགས་བསལ་གྱི་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཐོབ་ཆེད་དུ་དགོངས་པ་བཞེས་ཏེ། “གཞུང་ཆེན་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྡེ་ཚན་”གསར་འཛུག་མཛད་པ་དང་། དེ་ཡང་ཐོག་མར་སྤྱོ་ལོ་༢༠༢༡་ཟླ་བ་༤ཚེ་༡༥ཉིན་ ༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབས་ཉི་ཟླ་ཟུང་འབྲེལ་དབུ་ལ་བཞུགས་ཤིང་འབྲེལ་ཡོད་ལས་མི་ཚང་འཛོམས་ཐོག་ལས་གཞི་དབུ་འཛུགས་གནང་ཞིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དཔོན་རྒོད་དགེ་ཤེས་གཡུང་དྲུང་སྐལ་བཟང་མཆོག་མཛུབ་སྟོན་དགེ་རྒན་དུ་བསྐོ་བཞག་གནང་།

            སྐབས་དེར་ཕྲན་དང་མཆེད་གྲོགས་གཞན་བཞི་བཅས་“རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་སྡེ་ཚན་”དུ་ཞུགས་ཤིང་རང་ཉིད་ཀྱིས་བརྗོད་བྱ་བར་དོའི་སྐོར་བདམས་ཏེ། དེ་ནས་འདི་ལོ་༢༠༢༤བར་ལོ་གསུམ་རིང་རང་ཉིད་དགའ་ཕྱོགས་ཤིན་ཏུ་ཆེ་བའི་དམིགས་བསལ་གྱི་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཐོབ་སོང་བས། ལས་གཞི་གསར་འཛུགས་དང་འཛིན་སྐྱོང་གནང་མཁན་ ༧ ཁྲ་འཛིན་རིན་པོ་ཆེ་མཆོག་དང་། སློབ་སྟོན་གནང་མཁན་ ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་གཙོས་པའི་བཤད་སྒྲུབ་མཁན་སློབ་རྣམ་པ་དང་དགེ་རྒན་བཅས་ཚང་མ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད།  ལྷག་པར་དུ་སློབ་སྦྱོང་གི་གོ་སྐབས་འདི་ཉིད་གསར་དུ་བསྐྲུན་ཅིང་རྒྱུན་སྐྱོང་མཛད་མཁན་ ༧ སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་སྐབས་བབ་ཀྱི་འཛུབ་སྟོན་དགེ་རྒན་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་མཆོག་གིས་སློབ་གཞི་འདི་འགོ་བཙུགས་ནས་མཇུག་མ་གྲུབ་པའི་བར་དུ་དཔྱད་གཞིའི་རྒྱུ་ཆ་མཐུན་རྐྱེན་སྦྱར་བ་དང་། རྩོམ་གྱི་གོ་རིམ་དང་འབྲི་སྟངས་བཟོ་བཅོས་བཅས་ཀྱི་ཐད་ནས་དགེ་བཤེས་མཆོག་རང་གི་ལས་གཞི་གལ་འགངས་ཇི་ལྟར་ཆེ་ཡང་ཟུར་དུ་བཞག་ནས་རོགས་རམ་ཚད་མེད་གནང་བ་དང་། མ་ཟད་དཔར་སྐྲུན་གྱི་འགྲོ་གྲོན་ཆ་ཚང་ཆེད་ཧིན་སྒོར་༩༦༠༠༠མཐུན་འགྱུར་གནང་བ་ལགས་ན་མཁྱེན་ཡངས་དང་ལྷག་བསམ་གྱིས་ཕྱུག་པའི་དགེ་བཤེས་ཁོང་ལ་དམིགས་སུ་བཀར་ནས་བཀའ་དྲིན་སྙིང་དབུས་ནས་ཆེ་ཞུ་རྒྱུ་ཡིན། གཞན་ཡང་མཁས་དབང་དྲང་སྲོང་རྣམ་རྒྱལ་མཆོག་གིས་ཁོ་བོའི་རྩོམ་གཞུང་ཞིབ་ཕྲར་གཟིགས་ཏེ་དགོངས་ཚུལ་ལམ་སྟོན་ལྷུག་པོར་གནང་བ་དང་སྦྲགས་གླེང་བརྗོད་རྒྱས་པ་ཞིག་ལྗགས་རྩོམ་གནང་ཞིང་། དེ་དང་ལྷན་དུ་དེབ་དཔར་སྐྲུན་གྱི་ཞལ་འདེབས་དུ་ཌོ་ལོར་༡༠༠བསྐུར་གནང་བ་ལ་ཐུགས་རྗེ་ཞུ་རྒྱུ་དང་། གཞན་ཡང་གྲོགས་མཆོག་རྩོམ་པ་པོ་དགེ་ལེགས་ཉི་མ་མཆོག་གིས་ཞུ་དག་ལེགས་པར་གནང་བ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

རྩོམ་གྱི་བརྗོད་བྱ་དང་པོ་བར་དོའི་སྐོར་གྱི་དཔེ་ཚོགས་ངོ་སྤྲོད་སྐོར་བྲིས་ཡོད་ལ། དེའི་དགོས་དམིགས་ནི་བརྗོད་བྱ་བར་དོའི་སྐོར་ལ་འཇུག་པར་འདོད་མཁན་ཞིག་ཡིན་ཚེ། དེ་ཉིད་ཀྱིས་ཐོག་མར་བར་དོའི་སྐོར་གྱི་དཔེ་ཆ་ད་ལྟ་དངོས་སུ་བཞུགས་པ་གང་ཞིག་ཡོད་པ་དང་། བཞུགས་པ་རྣམས་གང་ནས་འཚོལ་དགོས་པ་དང་དེ་དག་གི་མཛད་པ་པོ་དང་འབྱུང་རིམ་སྔ་ཕྱིའི་ལོ་རྒྱུས་ཤིག་ངེས་པར་དུ་ཤེས་དགོས་ཕྱིར་ཐོག་མར་དེའི་སྐོར་ཞིབ་རྒྱས་སུ་བྲིས་ཡོད། དེ་ཡང་གཙོ་བོ་གཏེར་མ་དང་སྙན་རྒྱུད་བསྟན་པ་ཕྱི་དར་སྐབས་སུ་བྱོན་པའི་མཁས་པའི་གསུང་བཅས་སྡེ་ཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་ཞུས་ཡོད། མདོའི་བར་དོའི་སྐོར་དཔེ་གཞུང་གཅིག་གི་ནང་དུ་རྒྱས་པར་འཁོད་པ་དེ་འདྲ་མ་ཡིན་པར། གཞུང་ལུགས་ཁག་གི་མང་པོ་ཞིག་གི་ཁྲོད་དུ་ཅུང་ཙམ་རེ་མངོན་པ་ཞིག་ཡིན་འདུག་པར་བརྟེན། ལུང་དེ་རྣམས་རྩོམ་གཞུང་འདིར་དྲངས་ཏེ་གང་ཐུབ་ཀྱིས་འགྲེལ་བཤད་ཞུས་ཡོད་པས། དེ་ཡང་དེའི་སྐོར་འཇུག་བདེར་ཡོང་ཆེད་དུ་དམིགས་པ་ཞིག་ཡིན།

སྔགས་རྫོགས་གཉིས་ཀྱི་བར་དོའི་སྐབས་སུ་བར་དོ་ཞེས་པའི་ཐ་སྙད་མངོན་ཚད་ལ་འགྲེལ་བཤད་བྲིས་མེད་ཀྱང་། ནང་དོན་གྱི་ཆ་ནས་ཕལ་ཆེ་བ་བརྗོད་ཐུབ་ཐབས་ལ་བརྩོན་ཡོད། དེ་ཡང་ཆེས་མཐའ་མའི་སྡོམ་ཚིག་དང་འདི་དང་དེ་ཞེས་ཐག་གཅོད་མ་ཐུབ་རུང་། ནང་དོན་གནད་འགག་ཆེ་བ་དང་དུས་རྒྱུན་རྩོད་གཞི་ཆེ་བའི་སྐོར་དཔེར་ན་གནས་པ་གཞིའི་བར་དོའི་སྐབས་སུ་སངས་རྒྱས་ཚུལ་ཇི་ལྟར་འཇོག་དགོས་པ་དང་། བོན་ཉིད་འོད་གསལ་བར་དོའི་སྐབས་སུ་གྲོལ་འཁྲུལ་གྱི་རྣམ་གཞག་འབྱུང་ཚུལ་ཇི་ལྟར་ཡིན་པ་དང་། འཁོར་བ་ལ་ཐོག་མ་ཡོད་མེད་སྐོར་སྔ་རབས་མཁས་པའི་རྩོད་རྙོག་གི་གནད་གང་ལ་ཐུག་པ་ལ་སོགས་པའི་ཐད་ནས། དམིགས་སུ་བཀར་ནས་དཔེ་ཀློག་དང་གཞུང་ཕན་ཚུན་དཔྱད་བསྡུར་བྱས་པའི་ཐོག མཐར་ནང་དོན་སྙིང་པོ་གང་ལ་བབ་མིན་སྐོར་ཆེད་དུ་ཞིབ་པར་འགྲེལ་བརྗོད་ཞུས་ཡོད།

འབྲི་སྟངས་ཀྱི་ཐད་ནས་རྩོམ་གྱི་སྐྱོན་ཏེ། དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་མ་བྱས་པའི་སྔོན་ནས་རྩོམ་གཞུང་ལ་འཇུག་པ་དང་། གཞུང་ག་གེ་མོ་ཞིག་ནས་ལུང་ལེབ་ཀྱིས་བཤུས་པ་དང་། ལུང་སྣ་མང་ཞིག་དྲངས་ཀྱང་ལུང་ཚིག་སྔ་ཕྱི་གང་ལའང་ལུང་དོན་ལ་འགྲེལ་བཤད་མེད་པ་དང་། ལུང་དྲངས་ཀྱང་ལུང་ཁུངས་ཁ་གསལ་མ་བཀོད་པ་དང་། ལུང་བཏུས་སྒྲིག་བྱས་ཏེ་ཤོག་ངོས་གཅིག་ཙམ་ལ་ལུང་ཚིག་གཅིག་པུས་བཀང་པ་དང་། བརྗོད་བྱ་གང་ཞིག་ཡིན་རུང་དེའི་སྐོར་གསལ་བའི་དཔེ་ཆ་རྣམས་དང་པོ་འཚོལ་སྡུད་དང་དེ་ནས་གཞུང་ཕན་ཚུན་དཔྱད་བསྡུར་བྱེད་ལོང་མེད་པར། ལུང་ཚིག་རེ་གཉིས་ཤིག་དང་ཡང་ན་རང་ཉིད་ཀྱི་རིག་པ་ཙམ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་སྔ་དྲགས་པ་དང་། ཡང་གཙོ་བོ་ནང་དོན་ལ་མ་དམིགས་པར་ཚིག་ཚོགས་ཕྱུག་ཐབས་ལ་གཞིགས་ཏེ་འབྲི་བ་དང་། མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་བརྒྱན་པའི་ཚིག་གི་སྤྲོས་པ་དང་ལ་བཤད་ལུང་བཤད་མང་བའི་རྐྱེན་གྱིས་ནང་དོན་དངོས་གབ་སྦས་སུ་བྱུང་སྟེ་ཟུར་དུ་ལུས་པ་ལ་སོགས་པའི་སྐྱོན་རྣམས་ལ་ནན་གྱིས་གཟབ་སྟེ་བྲིས་པའི་ཁུལ་ཡིན།

རྩོམ་གཞུང་ནང་ལུང་འདྲེན་སྐབས་དག་ཆ་ལ་བཟོ་བཅོས་བྱས་མེད་ཀྱང་། ནང་དོན་གོ་ནོར་ཐེབས་ཉེན་ཆེ་བའི་རིགས་རྣམས་མ་ཡིག་གི་ཟུར་དུ་གུག་རྟགས་ཟླ་ཚེས་ཅན་()འདིའི་ནང་དུ་མ་ནོར་པར་བྲིས་ཡོད། དག་ནོར་གཞན་རྣམས་རྩོམ་པ་པོས་དོ་སྣང་བྱུང་བའི་མཚོན་བྱེད་དུ་མ་ཡིག་ཉིད་གུག་རྟགས་གྲུ་བཞི་[]འདིའི་ནང་དུ་བཅུག་ཡོད། ལུང་ཚིག་ཆད་པ་མངོན་གསལ་སུ་བྱུང་བ་དག་ལ་ཁ་སྐོང་གི་ཡིག་གེ་གུག་རྟགས་མེ་ཏོག་མ་འདི་{}ནང་དུ་བྲིས་ཡོད་པས་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ལ་མངའ་བར་འཚལ་ལོ། །ཞེས་རྩོམ་པ་པོས་གདན་ས་སྨན་གྱི་རི་ནས་༢༠༢༤ཟླ་བ་༡ཚེས་༡ཉིན་ལ་བྲིས་པ་དགེའོ། །བཀྲ་ཤིས་པར་ཤོག

ཞུ་སྒྲིག་པའི་གསལ་བཤད་དང་བཀའ་དྲིན་ཆེ་ཞུ།

ལོ་ཤས་རིང་བར་དོའི་སྐོར་ཉམས་ཞིབ་ཀྱི་ཆེད་རྩོམ་འབྲི་བའི་ཞོར་དུ། བོན་ལུགས་ཀྱི་བཀའ་དང་བཀའ་བརྟེན་གཉིས་ཀྱི་ཁྲོད་ནས་བར་དོའི་སྐོར་གྱི་དཔེ་ཆ་རྣམས་བཙལ་འཚོལ་དང་བསྡུ་སྒྲིག་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བར་བརྟེན། ད་ལན་<<བོན་ལུགས་ཀྱི་བར་དོའི་སྐོར་གྱི་དཔེ་ཚོགས་>>ཞེས་པའི་དེབ་ཅིག་དངོས་སུ་དཔར་དུ་བསྐྲུན་ལ་ཉེ་བར་སླེབས་ཡོད། དེ་ཡང་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་བཞུགས་པའི་བླ་མ་དང་དགེ་བཤེས། རྩོམ་པ་པོ་དང་དཔེ་ཆ་དོན་གཉེར་ཅན་རྣམས་ལ་འབྲེལ་བ་ཞུས་ཏེ་འཚོལ་སྒྲུབ་བྱས་པ་ཞིག་ཡིན་པས། འདི་ནས་སྟབས་གཅིག་ཏུ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྲན་གྱིས་དཀའ་ཚིགས་མང་པོ་ཞིག་བརྒྱུད་པ་ལ་བརྟེན་ནས་ད་ལྟར་མཇལ་ཡུལ་དུ་བཞུགས་པའི་བར་དོའི་སྐོར་གྱི་དཔེ་ཆ་གང་མང་ཞིག་ལྷན་དུ་སྒྲིག་ཐུབ་པ་བྱུང་ཡོད་ཀྱང་། ད་དུང་ཇི་སྙེད་ཅིག་ལྷག་ཡོད་པ་ནི་སྨོས་མ་དགོས་པས་རིམ་པས་འཚོལ་སྒྲུབ་བྱ་རྒྱུའི་འདུན་པ་འགོག་མེད་དུ་བདོག་གོ། །

            ཡང་དཔེ་གཞུང་རང་གི་ནང་དུ་བར་དོའི་ནང་དོན་སྐོར་འགྲེལ་བཤད་ཡོད་པ་དང་། ཡང་ན་བར་དོའི་ནང་དོན་འགྲེལ་བཤད་ཞུ་བ་ལ་དགོས་ཆེད་ཆེ་བའི་གྲས་རྣམས་མ་གཏོགས། བརྗོད་བྱ་བར་དོའི་རྣམ་གཞག་གཅིག་པུ་བསྟན་པའི་གཞུང་ཐམས་ཅད་འདིར་སྒྲིག་ཐུབ་ཐབས་བྱས་མེད། དཔེར་ན་བྱང་ཆོག་གི་རིགས་དང་། འདུར་གྱི་དཔེ་ཆའི་ཁྲོད་ནས་གལ་ཆེ་ཤོས་རེ་གཉིས་ལས་བཞག་མེད། དེ་བཞིན་ཐོས་གྲོལ་གྱི་དཔེ་གཞུང་མང་པོ་ཞིག་མཆིས་ཀྱང་། ཐོས་གྲོལ་གྱི་དཔེ་ཆའི་ཁྲོད་ནས་གལ་ཆེས་ཤོས་དམ་པ་རང་གྲོལ་སྙན་རྒྱུད་ཅན་དང་དེའི་ཆ་ལག་རེ་ཤས་ལས་གཞན་བཞག་མེད། གཞན་ཡང་གཏོ་བུ་ཕོ་སྦྱོང་མོ་སྦྱོང་གི་གཞུང་ཚང་མ་བར་དོའི་སྐོར་འབའ་ཞིག་བསྟན་བྱེད་དུ་ངེས་ཀྱང་། བར་དོའི་གནས་ནས་འདྲེན་པར་བྱེད་པའི་ལེའུ་ཁ་ཤས་ཤིག་ལས་ཚང་མ་བསྒྲིགས་མེད།

            འདིར་བསྒྲིགས་པའི་ཁྲོད་དུ་<<སྒྲོན་མ་དྲུག་གི་གདམས་པ་>>གཅིག་པུ་ལས་གཞན་རྣམས་ནི་བར་དོའི་སྐོར་གཅིག་པུ་བསྟན་པའི་ལེ་ཚན་ཤ་སྟག་ཏུ་ངེས་ལ།  <<སྒྲོན་མ་དྲུག་གི་གདམས་པ་>>ནི་བར་དོ་ཉིད་བསྟན་པའི་གཞུང་ཞིག་མ་ཡིན་ཀྱང་། སྤྱིར་<<ཞང་ཞུང་སྙན་རྒྱུད་>>ལས་གསལ་བའི་བར་དོའི་སྐོར་རྣམས་ནི་ཧ་ཅང་གིས་གནད་འགག་ཆེ་བ་དང་། <<ཞང་ཞུང་སྙན་རྒྱུད་>>ཀྱི་ཁྲོད་དུ་བར་དོའི་སྐོར་འབའ་ཞིག་གསལ་བའི་ལེ་ཚན་མ་མཇལ་བས། བར་དོའི་རྣམ་བཞག་རྒྱས་པར་གསལ་བའི་<<ཞང་ཞུང་སྙན་རྒྱུད་>>ནང་གི་<<སྒྲོན་མ་དྲུག་གི་གདམས་པ་>>དེ་དགོས་དབང་གིས་འདིར་བསྒྲིགས་པ་ཡིན།

            ལར་སྒྲིག་སྟངས་ཀྱི་གོ་རིམ་ནི་གཏེར་མ་དང་སྙན་རྒྱུད་ཀྱི་རིགས་རྣམས་ནི་གཏེར་ནས་བཏོན་པའི་ལོ་ཚིགས་དང་། སྙན་དུ་བརྒྱུད་པའི་དུས་སྐབས་དང་བསྟུན་ནས་གོང་འོག་རིམ་པས་བསྒྲིགས་པ་ཡིན་ལ། ཕྱིས་བྱུང་མཁས་པའི་བརྩམས་བོན་རྣམས་ནི་རྩོམ་པ་པོ་བྱོན་པའི་དུས་ཚིགས་ལྟར་སྔ་ཕྱི་རིམ་བཞིན་བསྒྲིགས་པ་ཞིག་ཡིན། མཛད་པ་པོ་ངོས་འཛིན་གཏན་ཁེལ་མ་ཐུབ་པའི་རིགས་རྣམས་ཚོད་དཔག་ཙམ་གྱིས་གོ་རིམ་བསྒྲིགས་པ་ཡིན་པས། དཔེ་ཆའི་བྱུང་རིམ་དང་འདིར་བསྒྲིགས་རིམ་གཉིས་ཆ་ཚང་མཐུན་པ་ཞིག་ཕལ་ཆེར་བྱུང་ཡོད་དཀའ། གཞན་ཡང་ཀློག་པ་པོ་རྣམས་ཀྱིས་དཔེ་ཁུངས་འཚོལ་སྒྲུབ་དང་མ་ཕྱི་དངོས་དང་དཔྱད་བསྡུར་བྱ་རྒྱུར་སྟབས་བདེ་ཡོང་ཆེད། ལེའུ་སོ་སོའི་དབུའི་མཚན་གྱི་ཟུར་དུ་མཆན་ཨང་བཀོད་ནས་གཤམ་གྱི་མཆན་ཡིག་ནང་དུ་དཔར་རྩ་ངོ་སྤྲོད་བྱས་ཡོད་ལ། དེ་དང་ལྷན་དུ་ཀློག་པ་པོ་རྣམས་ཐོག་མར་གཞུང་གི་ནང་དོན་ལ་བྲོད་པ་སྐྱེ་བའི་ཆེད་དུ་སྐབས་བབ་ཀྱི་གཞུང་གི་ནང་དོན་གཙོ་བོ་ཁག་གསལ་བཤད་དང་ངོ་སྤྲོད་ཞུས་ཡོད།

            ཞུ་དག་གི་ལས་རིམ་ནི་དག་ནོར་མངོན་གསལ་རིགས་རྣམས་ཐད་ཀར་བཟོ་བཅོས་བྱས་པ་དང་། ཡང་ཞུ་དག་པས་ཐག་མ་ཆོད་ཀྱང་བསམ་ཚུལ་བྱུང་བའི་རིགས་རྣམས་མ་ཡིག་རང་སོར་བཞག་པའི་ཟུར་དུ་གུག་རྟགས་ཟླ་ཚེས་ཅན་()འདིའི་ནང་དུ་བྲིས་ཡོད། ཡང་ནང་དོན་གང་ཡིན་མ་ཤེས་པ་དང་བསམ་ཚུལ་ཡང་དམིགས་བསལ་མ་བྱུང་བའི་རིགས་རྣམས་མ་ཡིག་གང་ཡིན་པ་དེ་གུག་རྟགས་གྲུ་བཞི་མ་[]འདིའི་ནང་དུ་རང་འཇག་བཞག་ཡོད། ཡང་མ་ཚང་པར་མངོན་གསལ་དུ་བྱུང་བ་ཐག་གཅོད་ཐུབ་པ་མང་པོ་ཞིག་འདུག་པ་དེ་རྣམས་ལ་ཞུ་དག་པས་ཁ་སྐོང་བྱས་པའི་ཡིག་འབྲུ་གུག་རྟགས་མེ་ཏོག་ཅན་{}འདིའི་ནང་དུ་བཅུག་ཡོད།

            ཡང་གལ་པོ་ཆེ་ལ་ནན་ཏན་དུ་ཞུ་རྒྱུ་ཞིག་ནི། འདིར་བསྒྲིགས་པའི་དཔེ་རྙིང་རིགས་མང་པོ་ཞིག་ཡིག་བཏགས་བྱས་པ་ཡིན་པས། དེའི་ཐད་ནས་མ་ཡིག་ཀློག་ནོར་བྱུང་བ་དང་མ་ཟད་ལག་མིག་གཉིས་ཀྱི་བར་ནས་ནོར་འཁྲུལ་མང་པོ་ཞིག་ཤོར་ཡོད་པ་སྨོས་མེད་ཡིན་ལ། གཞན་དེབ་གཟུགས་སུ་བསྐྲུན་པའི་དཔེ་ཆའི་རིགས་རྣམས་དེང་རབས་ཀྱི་བརྙན་ཆས་ཐོག་ནས་ཡིག་བཏགས་སུ་བསྒྱུར་བ་ཡིན་པས། དེ་དག་ལ་དེ་བས་ཀྱང་བསྒྱུར་སྟངས་ནོར་བ་མང་པོ་ཞིག་བྱུང་ཡོད་ངེས་མོད། གོང་དུ་ཞུས་པ་ལྟར་དཔར་རྩ་ངོ་སྤྲོད་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་གནད་དེ་ལ་ཐུག་པས། ཀློག་པ་པོ་ཚོས་དོགས་གཞི་བྱུང་ཚེ་མ་ཡིག་དངོས་ལ་གཟིགས་ནས་དཔྱད་བསྡུར་གནང་གལ་ཆེའོ། ། 

མ་ཟད་འདི་ནི་སོ་སོའི་སློབ་སྦྱོང་དང་རིགས་གཅིག་རྐང་འཛིན་གྱི་ཆེད་རྩོམ་འབྲི་བའི་ཞོར་དུ་བསྒྲིགས་པ་ཞིག་ཡིན་སྟབས། དུས་ཚོད་མང་པོ་ཞིག་འདིའི་ཆེད་དུ་གཏང་རྒྱུ་མ་བྱུང་པ་དང་། གཞན་ཡང་དཔེ་རྙིང་རིགས་མང་པོ་ཞིག་གཤིབ་བསྡུར་བྱེད་ས་དཔེ་གཞི་གཞན་མ་རྙེད་པ་སོགས་མཐུན་རྐྱེན་ལས་གེགས་དང་བར་ཆད་མང་བའི་འཕྲང་ལམ་ནས་ཞུ་དག་གི་ཐད་སྤུས་དག་པོ་ཞིག་དང་སོ་སོར་ཡིད་ཚིམ་པ་ཞིག་གཏན་ནས་བྱུང་མ་སོང་བས། གཟིགས་ཀློག་གནང་མཁན་ཀུན་ལ་དགོངས་སེལ་སྙིང་དབུས་ནས་ཞུ་རྒྱུ་ཡིན། ཞེས་སྒྲིག་པ་པོ་བཀའ་རམས་པ་དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་རྒྱལ་མཚན་གྱིས་༢༠༢༣ལོའི་ཟླ་བ་༡༢པའི་ཚེས་༢༡ཉིན་<<བོན་སྒོ་>>རྩོམ་སྒྲིག་ཁང་དུ་བྲིས་པ་དགེའོ། །ཐ་ཚན་མུ་ཙུག་སྨར་རོ། །

འགོ་བརྗོད་ཀྱི་གཏམ།

ད་ལན་ཁོ་བོས་<<བསམ་གཟུགས་ལ་འཇུག་པའི་སྒོ་ལུང་དང་རིག་པ་ཚད་མའི་འོད་སྣང་ཞེས་>>ཞེས་པའི་དེབ་འདིའི་འགོ་བརྗོད་དམ་གླེང་གཞིའི་གཏམ་ཉུས་ཤས་ཤིག་ཞུས་ན། སྤྱིར་རྩོམ་པ་པོ་ཞིག་གི་ངོས་ནས་གཞིགས་ན་དེབ་ཅིག་མཇུག་ཡོངས་སུ་གྲུབ་པ་ནི་ཆེས་དགའ་འོས་པའི་གནས་ཤིག་ཏུ་ལགས་མོད་ཀྱང་། གཞུང་ལུགས་ལ་འཇུག་པའི་རྣམ་དཔྱོད་དང་མཐོང་རྒྱ་བཅས་གང་ཅིའི་ཐད་ནས། ཧ་ཅང་ཞན་ཞིང་དབུལ་བའི་ཕྲན་འདྲ་བ་ཞིག་གི་ངོས་ནས་དེབ་ཅིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ངོར་བཀྲམ་རྒྱུ་འདི་ཡང་ངོ་གནོང་དགོས་པ་ཞིག་ཅི་ལ་མིན། འོན་ཀྱང་དེབ་ཆུང་འདི་འགོ་བརྩམས་ཏེ་མཇུག་གྲུབ་པར་བྱས་པའི་དགོས་དམིགས་ནི། གཞན་ལ་ངོམ་སོ་དང་ཤེས་མདོག་བསྟན་པ་ཞིག་མ་ཡིན་པར། རང་ཉིད་ཀྱི་སློབ་སྦྱོང་ལ་སྐུལ་འདེད་དང་རང་གིས་ཤེས་པ་རྣམས་ཟིན་བྲིས་སུ་བཀོད་པ་ཞིག་ཡིན་པས་ན། ལེགས་པའི་ཆ་ཇི་ཙམ་ཉུང་ཡང་དགོས་དམིགས་ལར་ནས་མེད་པ་ཞིག་ཅི་ནས་ཀྱང་མ་ཡིན། དེས་ན་སྐྱོན་དང་ལེགས་ཆ་མང་ཉུང་ལ་མ་ལྟོས་པར་རང་ཉིད་ཀྱིས་ངལ་བ་དང་དུ་བླངས་པའི་འབྲས་བུ་གང་ཞིག་མཆིས་ཚེ། དེ་ཉིད་རྒྱ་ཆེའི་ཀློག་པ་པོ་ཚོའི་ངོར་བཤམ་རྒྱུའི་སྤོབས་པ་ཡང་བཅོས་མིན་གྱི་ཚུལ་དུ་མཆིས། །

སྤྱིར་རྩོམ་འདིའི་བརྗོད་བྱ་བསམ་གཟུགས་ཀྱི་སྐོར་ནས་གླེང་ན། ལེའུ་དང་པོ་ཉེར་བསྡོགས་ཀྱི་རྒྱུའི་སྐོར་དང་། ལེའུ་གཉིས་པ་ཉེར་བསྡོགས་ཀྱི་རང་བཞིན་དང་། གསུམ་པ་ཞི་རགས་རྣམ་ཅན་གྱི་དངོས་གཞི་དང་། བཞི་པ་བདེན་པའི་རྣམ་ཅན་གྱི་དངོས་གཞི་དང་། ལྔ་པ་གཟུགས་མེད་ཀྱི་ཉེར་བསྡོགས་དང་། དྲུག་པ་ཞི་རགས་རྣམ་ཅན་གྱི་གཟུགས་མེད་ཀྱི་དངོས་གཞི་དང་། བདུན་པ་བདེན་པའི་རྣམ་ཅན་གྱི་གཟུགས་མེད་དངོས་གཞི་དང་། བརྒྱད་པ་ཐར་ལམ་གྱི་སེམས་རྟེན་སྐོར་བཅས་ལེའུ་བརྒྱད་དུ་སྡེ་ཚན་བཀྲལ་ནས་གླེང་ཡོད། ནང་དོན་དེ་དག་གི་སྐོར་གླེང་སྐབས་ཀྱང་གཙོ་བོ་བོན་ལུགས་ཀྱི་དཔེ་གཞུང་འབའ་ཞིག་ལས་གཞན་ལུང་འདྲེན་བྱས་མེད་ལ། མ་ཟད་ཐོག་མར་ཞི་ལྷག་གཉིས་སྒྲུབ་ཚུལ་དང་དེ་གཉིས་ཀྱི་ངོ་བོ། བར་དུ་ཉེར་བསྡོགས་དང་དངོས་གཞི་སོགས་ཀྱི་རྣམ་བཞག མཐར་དེ་རྣམས་ཐར་ལམ་གྱི་སེམས་རྟེན་ནམ་ས་རུ་ཇི་ལྟར་འགྲོ་ཚུལ་བཅས་ཀྱི་ཐད་ནས། ཐུན་མིན་བོན་ལུགས་ཀྱི་དཔེ་གཞུང་ཁག་ལས་བསྟན་ཚུལ་དང་ཁྱད་བོན་སྐོར་གཙོར་འདོན་དང་འགྲེལ་བརྗོད་ཐུབ་ཐབས་ལ་འབད་ཡོད།

དེ་ཡང་ཉེར་བསྡོགས་ཀྱི་རྒྱུའི་སྐབས་སུ་དམིགས་བསལ་ཐུན་མིན་བོན་ལུགས་ཀྱི་སེམས་གནས་དགུའི་རིམ་པ་དང་། ཞི་ལྷག་གཉིས་ཀྱི་སྐོར་ནི་ལམ་རིམ་གྱི་རྩ་འགྲེལ་ཁག་དང་གཞན་ཡང་སྔགས་དང་རྫོགས་ཆེན་གྱི་དཔེ་གཞུང་ལ་གཞིར་བཞག་ནས་བྲིས་པ་དང་། དེ་ཡང་བོན་ལུགས་ཀྱི་དཔེ་གཞུང་རྣམས་ལས་སེམས་གནས་དགུའི་རྣམ་བཞག་གང་ལས་བསྟན་པ་དང་། དེ་དག་གི་ངོ་བོ་ངོས་བཟུང་དང་རིམ་པས་གོང་འཕེལ་འགྲོ་ཚུལ་དང་། མཐར་ཞི་གནས་ཐོབ་པའི་ས་མཚམས་དང་། ཞི་གནས་ཐོབ་པའི་ཐོག་ཏུ་ལྷག་མཐོང་བསྒྲུབ་དགོས་པའི་རྒྱུ་མཚན་དང་། ལྷག་མཐོང་སྒྲུབ་ཚུལ་དང་མཐར་ལྷག་མཐོང་ཐོབ་པའི་དུས་བཅས་ཀྱི་སྐོར་ཞིབ་ཕྲར་བྲིས་ཡོད།

ཉེར་བསྡོགས་དང་དངོས་གཞི་སེམས་རྟེན་བཅས་ཀྱི་སྐོར་ནི་ས་ལམ་དང་ཕར་ཕྱིན་སོགས་རང་ལུགས་ཀྱི་ཡིག་ཆ་ཁག་དང་། རྒྱལ་བའི་བཀའ་<<སྲིད་པའི་མཛོད་ཕུགས་>>དང་དེའི་འགྲེལ་བ་སྟེ། སྒྲ་འགྲེལ་དང་དོན་འགྲེལ་དང་ཚིག་འདོན་ཟུང་འགྲེལ་གྱི་འགྲེལ་བ་སོགས་ཇི་སྙེད་ཅིག་བཞུགས་པ་དག་ལ་གཞིར་བཟུང་ནས་གླེང་བའི་ཁུལ་ཡིན། ཉེར་བསྡོགས་སྐབས་གླེང་བྱ་གཙོ་བོ་སོ་སོའི་ངོ་བོ་དང་བྱེད་ལས་ས་མཚམས་བཅས་ཀྱི་སྐོར་དང་། དངོས་གཞི་བཤད་པའི་ལེ་ཚན་དུ་དངོས་གཞི་སོ་སོའི་ངོ་བོ་དང་དེའི་དབྱེ་བ། ལྷག་པར་བསམ་གཏན་གྱི་དངོས་གཞི་རྣམས་ཡན་ལག་གིས་ཁྱད་པར་འབྱེད་ཚུལ་དང་། གཟུགས་མེད་རྣམས་དམིགས་པའི་སྒོ་ནས་ཁྱད་པར་འབྱེད་ཚུལ་སྐོར་སོགས། ནང་དོན་གནད་ལ་ཁེལ་མིན་ལ་མ་ལྟོས་པར་དུས་རྒྱུན་རྩོད་རྙོག་ཆེའི་བའི་སྐོར་དང་དཀའ་གནད་ཀྱི་རིགས་རྣམས་དཔྱད་བསྡུར་དང་། ནང་དོན་ཞིབ་ཕྲར་མཚན་གཞི་དང་འབྲེལ་ནས་བཀྲལ་བའི་ཁུལ་ཡིན།

ལར་བདེན་པའི་རྣམ་ཅན་གྱི་དངོས་གཞིའི་རྣམ་གཞག་བསམ་གཟུགས་ཀྱི་གཞུང་རྣམས་ལས་ཁ་གསལ་དང་རྒྱས་པར་བཀོད་པ་ཅུང་ཉུང་བའི་ཚོད་དུ་སྣང་བས། དེའི་ཐད་ནས་ཐོག་མར་བདེན་པའི་རྣམ་ཅན་གྱི་ཉེར་བསྡོགས་ཀྱི་ངོ་བོ་དང་ཐོབ་པའི་ས་མཚམས། དེ་ནས་དངོས་གཞི་ཐོབ་པའི་ས་མཚམས་དང་། དངོས་གཞིའི་སོ་སོའི་གོ་བ་དང་ཁྱད་པར་བཅས་ཀྱི་སྐོར་ནས་གང་ཐུབ་ཀྱིས་རང་ལུགས་ཀྱི་ཡིག་ཆ་གཞིར་བཞག་ནས་བྲིས་ཡོད།

གཞན་ཡང་མཐར་སེམས་རྟེན་གྱི་སྐོར་ནི་རང་ལུགས་ཀྱི་ས་ལམ་དང་ཕར་ཕྱིན་གྱི་གཞུང་རྣམས་སུ། ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་དང་བཞིའི་སེམས་རྟེན་ནམ་ས་གང་ལ་བརྟེན་པའི་སྐོར་ངོས་བཟུང་གསལ་པོར་གནང་ཡོད་ཀྱང་། སེམས་རྟེན་ཞེས་པའི་གོ་བ་དང་ལམ་དེ་ལ་རྟེན་ཚུལ་སྐོར་འགྲེལ་བཤད་ཞིབ་ཕྲ་དེ་ཙམ་མེད། མ་ཟད་ལམ་དེ་བཞི་པོའི་སེམས་རྟེན་མི་འདྲ་བའི་ཁྱད་པར་སོ་སོར་བསྟན་ཡོད་ཀྱང་། མི་འདྲ་བའི་ཁྱད་པར་ཇི་ལྟར་འབྱུང་ཚུལ་དང་དེ་དག་གི་གནད་འགག་གང་ལ་ཐུག་པའི་གཏན་ཚིགས་བཀོད་རྒྱུ་ནི་ཅུང་ཟད་དཀའ་བའི་རིགས་སུ་ངེས་པས། ཁོ་བོས་དེའི་སྐོར་མཐའ་གཅིག་ཏུ་ཐག་ཆོད་པའི་སྡོམ་ཚིག་བཀོད་མ་ཐུབ་རུང་། བཀའ་ལུང་གཞིར་བཟུང་ནས་རང་གི་རིག་པས་ཡུན་རིང་བསམ་གཞིགས་བྱས་པའི་དཔྱད་འབྲས་གང་མཆིས་པ་དག གསར་ཞུགས་སློབ་བུ་རེ་འགའ་ལ་ཅུང་ཙམ་རེ་ཕན་ཐོགས་འབྱུང་སྲིད་དམ་སྙམ་པས་བཀོད་པ་ཡིན། མཐར་ཁོ་བོའི་དཔྱད་དེབ་འདིའི་མཇུག་དེ་ནས་བསྡུས་ཡོད་པས། མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་སྐྱོན་དང་ནོར་བ་དང་མཛུབ་སྟོན་གནང་རོགས་ཞུ་རྒྱུ་མ་ཟད། མ་འགྲིག་པ་དང་གོ་དོན་ལོག་པར་འགྲེལ་བ་གང་ཞིག་བྱུང་ཡོད་ཚེ་བསླུ་མེད་སྐྱབས་གནས་ཀྱི་སྡེ་དང་རིག་པ་སྨྲ་བའི་དཔུང་ཚོགས་ལ་བཟོད་གསོལ་སྙིང་ཁོང་ནས་ཞུ་རྒྱུ་ལགས་སོ། །

ཞེས་རྩོམ་པ་པོས་ཐོབ་གསར་སྨན་གྱི་རི་ནས་ཕྱི་ལོ་༢༠༣༣ལོའི་ཟླ་བ་༡༢་ཚེས་༡༩ཉིན་བྲིས་སོ། །