གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ལོའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཤེན་གྱི་གར་འཆམ་ཆེན་མོ།

༸གདན་ས་སྨན་རིའི་གླིང་དུ་ལོ་རེ་བཞིན་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་བཞིན་ཡོད་པ་ལྟར་འདི་ལོ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ པོའི་ཚེས་ ༩ དང་

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་  ༡༨ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨:༣༠ སྟེང་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་འོག་གཤེན་གྱི་གར་འཆམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་དང་པོ་སྲིད་རྒྱལ་དུས་དྲུག རྣམ་བརྒྱད། ཤ་འཆམ། ཀེང་འཆམ། གཤེན་རབ་དགུ་འཆམ། རྒྱལ་པོ་ཤེལ་ཁྲབ། རྒྱ་ནག་ཧ་ཤང༌། ཨ་ཙ་ར་བཅས་ཀྱི་འཆམ་རིགས་གྲུབ་མཚམས།

ཕྱག་ཚོད་༡༡/༣༠ སྟེང་ཉིན་འདིའི་སྐུ་མགྲོན་དུ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞིར་བྱེད་པའི་ཧི་མ་ཅཱལ་མངའ་སྡེའི་ལམ་བཟོའམ་གཞུང་ལམ་གྲོང་ཁྱེར་འཛུགས་སྐྲུན་གྱི་བློན་ཆེན་སྐུ་ཞབས་ཝིཀ་ར་མ་དྷི་ཡ་སིངྒ་ Shri, Vikramaditya Singh, PWD cabinet minister Government of Public Works Minister, Goverment of Himachal Pradesh མཆོག་གདན་ས་སྨན་རིར་མགྲོན་འབོད་ཞུས་པ་ལྟར་ཕེབས་གནང་མཛད། སྐབས་དེར་ཕེབས་སྒོ་དང་པོར། བོན་གཞིས་ཐོབ་རྒྱལ་གསར་པའི་འཐུས་མི་དང་གཞིས་འགོ་མཆོག བོན་གཞིས་ཉིན་སློབ་བཅས་ནས་བཀྲ་ཤིས་བརྩེགས་པས་བསུ་མ་གནང་བ་དང།

ཕེབས་སྒོ་གཉིས་པར་འཆམ་རའི་རྒྱལ་སྒོའི་གཡས་གཡོན་དུ་སེང་འབག་ཟུང་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ལགས་དང་། གཡུང་དྲུང་བོན་གྱི་སྤྱི་ཟུར་བ་ར་ཚེ་དབང་བཀྲ་ཤིས་མཆོག དགེ་བཤེས་ཐུབ་བསྟན་དང་དེ་བཞིན་གྲྭ་ཚང་གི་ལས་སྣེ་སོགས་ཀྱིས་བསུ་མ་ཞུས། དེ་ནས་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་སྣར་ཆེ་མཐོང་བྱེད་སྲོལ་ལྟར། ས་གནས་བདེ་སྲུང་མི་སྣས་གུས་བརྩི་ཡིས་ཕེབས་བསུ་ཞུས།

ཕེབས་བསུ་ཐ་མར་གདན་ས་སྨན་རིའི་དགོན་གྱི་དབུས་གཙུག་ལག་ཁང་གི་མདུན་དུ་༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧ སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུས་པའི་དེར་ཕེབས་ཕྱི་ནང་མི་རིགས་ཡོངས་ནས་དགའ་བསུའི་ཐལ་སྒྲ་དང་བཀྲ་ཤིས་བདེ་ལེགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།

དེ་རྗེས་ཉིན་གུང་གསོལ་ཚིགས་ཀྱི་བར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་། བོན་གཞིས་ས་གནས་འགོ་འཛིན། བོན་སྤྱི་ཟུར་པ་དེ་བཞིན་རྒྱ་གར་འབྲེལ་མཐུད་པ་དགེ་བཤེས་ཐུབ་བསྟན་ནེ་གེ་ལགས་བཅས་ནས་སྐུ་མགྲོན་གཙོ་བོ་མཆོག་དགོན་པའི་འདུལ་ཁང་དང་མཚན་ཉིད་ཁང་སོགས་གཟིགས་འབུལ་ངོ་སྤྲོད་དང་། བོན་གཞིས་ས་གནས་ཆུའི་ཕར་ཚུར་གཉིས་ཀ་རྒྱང་མཇལ་ཞུས་ཡོད་པ་རེད།

དེ་ནས་༸རྒྱལ་བ་སྨན་རིའི་བླ་བྲང་དུ་སྐུ་མགྲོན་གཙོ་བོ་མཆོག་དང་། གཞན་ཧི་མ་ཅལ་མངའ་སྡེའི་དབུས་ས་གཉིས་ཀྱི་གནད་ཡོད་མི་སྣ་རྣམས་ལ་གསོལ་ཚིགས་རྒྱས་འབུལ་ཞུས་ཡོད་པ་དང་། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝིཀ་ར་མ་དྷི་ཡ་སིངྒ་མཆོག་བཅས་བཀའ་མོལ་ལྷུག་པོར་གནང་སོང་།

སྐབས་དེར་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་གར་འཆམ་གྱི་གཟིགས་མོ་བ་སེར་སྐྱ་མི་མང་ཀུན་ལ་ཞལ་ལག་རྒྱས་འབུལ་གནང་སོང་།

དེ་རྗེས་དུས་ཚོད་༡:༠༠ ནས་སྐུ་མགྲོན་གཙོ་བོ་དང་ཕྱོགས་ཕེབས་མགྲོན་པོ་སེར་སྐྱ་རྣམས་ལ་གཤེན་གྱི་མ་རྒྱུད་གར་འཆམ་གཟིགས་འབུལ་ཞུས་ཡོད་པ་དང་། 

དེ་རྗེས་བོན་གཞིས་མི་མང་དང་། བོན་གཞིས་ཉིན་སློབ་གཉིས་ནས་ཞབས་བྲོ་གཟིགས་འབུལ་དང་། ཁུ་ནུ་བ་རྣམས་ཀྱིས་ཞང་ཞུང་རིགས་གཞུང་ཤོན་རྩེད་བཅས་གཟིགས་འབུལ་ཞུས།

དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་གིས་བཀའ་སློབ་དང་གཙོ་སྐྱོང་འོག་རྒྱ་གར་འབྲེལ་མཐུད་པ་དགེ་བཤེས་ཐུབ་བསྟན་ནེ་གེ་མཆོག་ནས་ངོ་སྤྲོད་ཀྱི་གསུང་བཤད་བཅས་གནང་བ་དང་།

དེ་རྗེས་སྐར་མ་ ༢༠ ཙམ་ལ་སྐུ་མགྲོན་གཙོ་བོ་ Shri, Vikramaditya Singh, མཆོག་ནས་ “ང་རང་དེ་རིང་འདིར་ཡོང་རྒྱུ་བྱུང་བ་དེ་དཔེ་དགའ་པོ་བྱུང་། ང་རང་འདིར་ཡོང་བ་དེ་མངའ་སྡེའི་བློན་ཆེན་ཞིག་གི་ངོས་ནས་ཙམ་མིན་པར། ང་རང་ཚོ་མེས་པོ་ནས་གཡུང་དྲུང་བོན་དང་འབྲེལ་བ་ཡོད་པ་དང་ལོ་རྒྱུས་ཡོད་པའི་ཐོག་ནས་ཡོང་བ་ཡིན། དགོན་པ་དང་གྲོང་སྡེ་གཡས་གཡོན་སུ་ཞིག་ཡིན་ཡང་མ་འོངས་པར་དཀའ་ངལ་དང་གནད་དོན་གང་འདྲ་ཞིག་བྱུང་ཡང་ང་ལ་འབྲེལ་བ་གནང་ཤོག  ངའི་ངོས་ནས་གང་བྱེད་ཐུབ་པ་དེ་རོགས་པ་བྱེད་ཀྱི་ཡིན། ལོ་སར་གྱི་དུས་སྟོན་འདི་དང་བསྟུན་ནས་འཆར་ལོའི་ནང་ང་རང་ཚོ་ཚང་མའི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད།  ང་རང་ཚོའི་འབྲེལ་བ་དེ་རྨང་གཞི་བརྟན་པོ་ཡོད་པའི་འབྲེལ་བ་རེད་ མུ་འཐུད་ནས་གནས་གི་རེད། ང་ཚོ་མ་འོངས་པར་མུ་འཐུད་ནས་ཕན་ཚུན་འབྲེལ་བ་བྱེད་དགོས་”ཅེས་སོགས་གསུང་བཤད་གནང་མཚམས།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་འདིར་ཕེབས་ཀྱི་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་བཅས་ལ་ཕྱག་རྟགས་བསྩལ་གནང་མཛད་ཡོད་པ་དང་།

སྐུ་མགྲོན་གཙོ་བོ་ Shri, Vikramaditya Singh, མཆོག་དང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས། བོན་སྤྱི་ཟུར་པ་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས། ས་གནས་འགོ་འཛིན་སྐུ་ངོ་བསྟན་འཛིན་ཆོས་འཕེལ་རྒྱ་གར་འབྲེལ་མཐུད་དགེ་བཤེས་ཐུབ་བསྟན་ནེ་གེ་བཅས་བླ་བྲང་དུ་གསོལ་ཇ་འདེགས་འབུལ་དང་བཅས་ནང་མོལ་བཀའ་བགྲོས་གནང་རྗེས་ཕྱི་ནང་སེར་སྐྱ་མི་མང་ནས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕེབས་བསྐྱེལ་གྲུབ་མཚམས། 

གཟེ་གྱད་སྤར་གསུམ། གཡག་འཆམ། སེང་འཆམ། སྟག་འཆམ། ཁྱུང་རྩེད། སྲོལ་རྒྱུན་ལྟར་ཁུ་ནུ་བ་མི་གྲངས་ལྔ་བཅུ་ཙམ་གྱིས་ཞང་ཞུང་ཤོན་འཁྲབ་བཅས་ཀྱི་མཐར་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་པའོ།།