དེ་ཡང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༠ དང་། ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༢ པའི་ཚེས ༡༩ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཉིས་པའི་དགེ་བཤེས་བཛད་སྒོ་དབུ་འཛུགས་གནང་སོང་ལ། འདི་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཁན་བཀའ་རམས་པ་ ༡༧ ཡོད་འདུག



གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་༩:༠༠སྟེང་། གྲྭ་ཚང་མཆོད་དཔོན་ནས་རྡོ་ཏིང་གི་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་སྣ་རྒྱ་གླིང་གིས་ཕེབས་བསུ་དང་།


བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཉིན་འདིའི་བཀའ་རམས་པ་སྤྱང་རུ་དྲང་སྲོང་ཡེ་ཤེས་རྒྱལ་བ་རྒྱ་མཚོ་དང་། ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྒྱ་མཚོ། དབྲ་ཚ་དྲང་སྲོང་གཙུག་ཕུད་འཇིགས་མེད་རྒྱལ་མཚན། མགར་རུ་དྲང་སྲོང་ཡེ་ཤེས་ཀུན་བཟང་རྒྱ་མཚོ་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཕེབས་བསུ་དང་བཅས་ཚོགས་ཁང་དུ་ཕེབས་ནས་བཞུགས་ཁྲི་དང་བཞུགས་གྲལ་དུ་འཁོད།

དེ་མཚམས་འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་ཉིན་འདིའི་བཀའ་རམས་པ་རྣམས་ཀྱི་འབྲས་སིལ་དང་ཟབ་ཇ་འདེགས་འབུལ། དེ་བཞིན་གཏོང་སྒོ་ཆེན་མོའི་སྐུ་འགྱེད་ཀྱི་མཛད་རིམ་བསྐྱངས།



ཚོགས་ཆེན་ཞལ་ངོ་ནས་ཉིན་འདིའི་གཞུང་བཤད་གནང་མཁན་གྱི་བཀའ་རམས་པ་རྣམས་ལ་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་ཏེ།


༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་ཉི་ཟེར་གཞའ་འོད་གུར་ཁྱིམ་དབྱངས་སུ་གྱེར་གནང་བ་དང་།


དེ་རྗེས་བཀའ་རམས་པ་སྤྱང་རུ་དྲང་སྲོང་ཡེ་ཤེས་རྒྱལ་བ་རྒྱ་མཚོ་ནས་སྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་ཡོད་པ་དང་། དེ་རྗེས་རིམ་བཞིན་བཀའ་རམས་པ་ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྒྱ་མཚོ་དང་། དབྲ་ཚ་དྲང་སྲོང་གཙུག་ཕུད་འཇིགས་མེད་རྒྱ་མཚན། མགར་རུ་དྲང་སྲོང་ཡེ་ཤེས་ཀུན་བཟང་རྒྱ་མཚོ་བཅས་དཀའ་ཆེན་དང་དཀའ་ཆུང་སོ་སོའི་གཞུང་བཤད་གྱེར་གྲུབ་མཚམས་འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།


ཆུ་ཚོད་༡༢།༠༠སྟེང་ཚོགས་བརྡ་དང་བཅས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་ཆེན་མོ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།




ཕྱི་དྲོའི་ཆུ་ཚོད་ ༣།༠༠སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་བཀྲ་ཇ་མཆོད་གྲུབ་རྗེས། སྔར་ལྟར་ཚོགས་ཆེན་ཞལ་ངོ་མཆོག་ནས་ཆབ་ཕུལ་མཚམས། གྲལ་མཇུག་ཏུ་ཕེབས་ནས་མཆོད་ཚིག་དང་། བཀྲ་ཤིས་མངའ་དབུལ་གྱི་ཚིག་བཤད་སོགས་གྱེར་ཞོར་བཀྲ་ཤིས་མཆོད་འབྲུ་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ།



ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ཉེར་གཉིས་པའི་ཉིན་དང་པོའི་དགེ་བཤེས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
དགེ་བཤེས་མཛད་སྒོ་དང་འབྲེལ་དེབ་གསར་གསུམ་འགྲེམས་སྤེལ་ངོ་སྤྲོད་ལ་གཟིགས།