གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་འཆར་གྱི་གསལ་བསྒྲགས།

ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་རང་རེའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ། བསླབ་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་མི་མཐུན་རྒུད་པའི་ཚོགས་རྣམས་མྱུར་བར་ཞི་སྟེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཆེད་དུ། ལོ་རེའི་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ། ཞེས་པ་ལྟར་འདི་ག་༧གཡུང་དྲུང་བོན་གྱི་རྩ་བའི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་ཆེན་མོ་འཚོགས་སྲོལ་ཡོད་པ་བཞིན། འདི་ལོར་ཡང་གཟའ་སྐར་ཚེས་བཟང་དང་བསྟུན་ཏེ། ཕྱི་ལོ་༢༠༢༤ ཟླ་༥ པའི་ཚེས་༡༢ ནས་ཚེས་༡༨ བར་དང་། བོད་ཟླ་༤ པའི་ཚེས་༥ ནས་ཚེས་༡༠ བར་བདུན་ཕྲག་གཅིག་གི་རིང་དུ་༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པ་ལགས་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧སྟོན་པ་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོོ་མཆོག་གི་རྗེས་འཇུག་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ་རྒྱུ་དང་། དེ་ལྟར་ཕྱོགས་སོ་སོར་གནས་འཁོད་རྒྱ་ཆེའི་དད་ལྡན་མོས་བློ་ཅན་རྣམས་ནས་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གཤམ་གྱི་འབྲེལ་ལམ་ཁ་བྱང་སོགས་བརྒྱུད་ནས་འབྲེལ་བ་གནང་རོགས་མཁྱེན།


མཆོད་འབྲེལ་ཞུ་སའི་འབྲེལ་གཏུག་མི་སྣ།
གྲྭ་ཚང་གཉེར་པ། བློ་གྲོས་དབང་རྒྱལ། ཁ་པར་དང་། སྐད་འཕྲིན། WhatsApp བཅས་ཀྱི་ཨང་གྲངས། 8219595260
གྲྭ་ཚང་གཉེར་པ། བརྩོན་འགྲུས་གོང་འཕེལ། ཁ་པར་དང་། WhatsApp 7018366535 སྐད་འཕྲིན་ཨང་གྲངས། 1287979578
༧ དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ཕྱི་ལོ་༢༠༢༤ ཟླ་ ༣ ཚེས་༢༢ཉིན