གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸གདན་ས་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་སྨྲ་སེང་སྒྲུབ་པ་དབུ་འཛུགས་ཞུས་པ།

༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྟངས་འཛིན་འོག བཤད་གྲྭ་བ་རྣམས་ཀྱི་ལོ་རེའི་འཛིན་གྲྭ་སོ་སོའི་འཁྲིད་གཞིའི་གཞུང་ཆེན་ཁག་གི་སློབ་ཚན་གསར་པ་དབུ་འཛུགས་མ་གནང་སྔོན་བོད་ཟླ་དང་པོའི་ཚེས་ ༢༣ ནས་གནམ་གང་བར་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་སྲོལ་ཡོད་པ་ལྟར།

དེ་རིང་བོད་ཤིང་འབྲུག་བོད་ཟླ་དང་པོའི་ཚེས་ ༢༣ དང་། སྤྱི་ལོ་ ༢༠༢༤ ཟླ་བ་གསུམ་པའི་ཚེས་པ་གསུམ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་གདན་སྨན་རིའི་གླིང་འདིར་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་ཅེས་གསུང་སྲོལ་ཡོད་པ་ལྟར་ལོའི་རེའི་ཟླ་བ་བཅུ་གཉིས་ལ་སྒྲུབ་པ་བཅུ་གཉིས་ཡོད་པའི་དང་པོ་སྨྲ་སེང་སྒྲུབ་པ་དེ་ཉིད་བཤད་སྒྲུབ་འདུས་སྡེས་འགན་ཁུར་གཙོར་བཞེས་ཀྱིས་འཚོགས་གནང་གི་ཡོད་པ་དང་། སྒྲུབ་ཞག་མཐའ་མའི་ཉིན་སྨྲ་སེང་གཞུང་དང་མཉམ་མེད་བླ་མའི་ནང་སྒྲུབ་སྦྲག་མའི་གཏང་རག་གི་ཚོགས་འཁོར་དང་སྨྲ་སེང་ཚེ་སྒྲུབ་ཀྱི་བཀའ་དབང་བཅས་སྔར་སྲོལ་ལྟར་བསྩལ་གནང་རྒྱུ་ཡིན་འདུག

གཞན་ཡང་དུས་ཚིགས་དེ་དང་བསྟུན་ནས་སྨན་རིའི་བཙུན་དགོན་རཏྣ་སྨན་གླིང་དུ་བཙུན་མ་རྣམས་ཀྱིས་སྨྲ་སེང་སྒྲུབ་པ་དང་། གསོ་རིམ་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སློབ་དགེ་ཐུན་མོང་ནས་ཉིན་བདུན་གྱི་རིང་སངས་རྒྱས་སྨན་ལྷའི་ཡར་མཆོད་མར་སྦྱིན་གྱི་ཆོ་ག་གསུང་གནང་རྒྱུ་རེད་འདུག་པ་བཅས་ཀྱི་གནས་བསྡུས་སུ།