གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༦ འཁོར་བའི་དུས་ཆེན་མཛད་སྒོ།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༡ རབ་ཤིང་འབྲུག་ལོའི་ཟླ་བ་གཉིས་པའི་ཚེས་ ༢༣  ཉིན་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢ ཉིན་༧བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༦ འཁོར་བའི་དུས་ཆེན་མཛད་སྒོ་འཚོགས་ཡོད་ཅིང་

དེ་ཡང་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀྱི་རྩ་ལག་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པ་སྨོས་སུ་མེད་ལ། བསྟན་པའི་གསལ་བྱེད་དེ་ཡང་ཐོས་བསམ་འཆད་ཉན་དགོས་པ་གཙོ་བོ་ཡིན། ཐོས་བསམ་འཆད་ཉན་གྱི་གཞི་མ་ཡང་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་པ་ལྟར། ཐོག་མར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་གཙོས་མཁན་སློབ་དམ་པ་རྣམས་ཀྱི་བླ་ན་མེད་པའི་དགོངས་བཞེད་ལས་སྤྱི་ལོ་ ༡༩༧༨ ལོར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པར་འཆད་ཉན་སློབ་གཉེར་གནང་ཆེད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ད་བར་མི་ལོ་ ༤༦ ཧྲིལ་པོར་འཁོར་ཡོད་པ་ལྟར།

དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་འདུས་མང་ཡོངས་ནས་བསྟན་པའི་དར་ཆེན་སྒྲེང་འཛུགས་དང་རབ་གནས་གནང་རྗེས་ལྷ་རྒྱལ་རི་རྩེར་བསང་གསོལ་དང་ཕྱེ་མར་མཆོད་ཅིང་ལྷ་རྒྱལ་གསོལ། དེ་ནས་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་སེར་སྐྱ་ཀུན་གྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྨན་རིའི་མཁན་སློབ་རྣམ་པའི་སྐུ་པར་མཇལ་ཁ་ཞུས།

བཤད་སྡེའི་དྲུང་ཡིག་ནས་གཙོ་སྐྱོང་གནང་བཞིན་པ།

དེ་རྗེས་བཤད་སྒྲུབ་འདུས་སྡེའི་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་སེར་སྐྱ་ལྷན་འཛོམས་ཐོག་གཡུང་དྲུང་བོན་གྱི་བཤད་སྡེའི་དྲུང་ཡིག་མཁས་གྲུབ་རིན་ཆེན་ལགས་ནས་མཛད་སྒོའི་གསུང་བཤད་གཙོ་སྐྱོང་དང་སྦྲག བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རྒན་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དེ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་གནང་ཞིང་།

༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་ཏེ། བཀྲ་ཤིས་རྟེན་འབྲེལ་གྱི་མེ་ཏོག་སིལ་མ་མཁའ་ལ་འཐོར་བ་དང་ཆབས་ཅིག་སེར་སྐྱ་མི་མང་ཀུན་གྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།  དེ་རྗེས་སེར་སྐྱ་མི་མང་ཡོངས་བཞུགས་གྲལ་དུ་འཁོད་མཚམས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཏེ་སྔོན་འགྲོའི་མཛད་རིམ་ལེགས་པར་གྲུབ།

དེ་ནས་དངོས་གཞིའི་མཛད་རིམ་གྱི་ཐོག་མར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཛ་རོང་ཤེས་རབ་སྐལ་བཟང་ལགས་ནས་མཛད་སྒོར་ཕེབས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་།

བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཛ་རོང་ཤེས་རབ་སྐལ་བཟང་ལགས་ནས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་བཞིན་པ།
དེ་ནས་རིམ་པ་ལྟར་ཚོགས་མགོན་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན། དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་འགོ་འཛིན་དག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་།

བོན་གཞིས་ས་གནས་འགོ་འཛིན་མཆོག་ནས་གསུང་བཤད་གནང་བཞིན་པ།

འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་གསུང་བཤད་གནང་བཞིན་པ།

གྲྭ་ཚང་གཉེར་པ་མཆོག་ནས་གསུང་བཤད་གནང་བཞིན་པ།

བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་ནས་གསུང་བཤད་གནང་བཞིན་པ།

 བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་མཆོག་ནས་བཤད་སྒྲུབ་འདུས་སྡེར་གཉུག་མར་གནས་པའི་སློབ་གཉེར་བ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་གནང་སྟངས་དང་། དེ་བཞིན་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་དང་རིགས་གཅིག་རྐང་འཛིན་སོགས་ཀྱི་སྐོར་བཀའ་སློབ་གནང་སོང་།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་གིས་གསུང་བཤད་གནང་བཞིན་པ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་གནང་བ།
དེ་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་“སྤྱིར་སྐྱེ་འགྲོ་དུ་མ་ཡོད་པ་ལས་མིའི་རིགས་འདི་རབ་བྱུང་ན་ཚེ་ཕྱི་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཡང་ན་ཚེ་འདིའི་ཕན་བདེ་དང་བླང་དོར་སོགས་ཀྱི་ཁྱད་པར་འབྱེད་ནུས་པའི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་སྐོར་།”དང་”ཚེ་འདི་དང་ཕྱི་མའི་ཕན་བདེ་སྒྲུབ་པའི་ཐབས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཡིན་པ་དང་། དེ་ཡང་གཙོ་བོ་མདོ་སྔགས་སེམས་གསུམ་དང་དེའི་ཆ་ལག་རིག་པའི་གནས་བཅུ་ཕྲག་ཡོད་པ་དག་རེད་ལ། དེའི་ནང་ནས་ནང་དོན་རིག་པ་གཙོ་བོ་རེད། སེམས་ཀྱི་ཞི་བདེ་སྒྲུབ་པའི་ཐབས་ཀྱང་ཉམས་ལེན་རེད། དེ་ཡང་ནང་དོན་རིག་པ་ཉམས་ལེན་བྱེད་པ་ལ་གྲྭ་བཙུན་གཅིག་པུ་ཡིན་དགོས་མ་རེད་མི་སྐྱ་ཕོ་མོ་དང་མི་རིགས་སུ་ཞིག་ཡིན་ཡང་ཉམས་ལེན་དང་ཐོས་བསམ་བྱེད་ཆོག་གི་རེད་”ཞེས་སོགས་དང་ “རིང་མིན་སྨན་རིའི་སྒྲུབ་ཆེན་འཚོགས་རྒྱུ་རེད་ལ་༧སྨན་རིའི་མཁན་ཐོག་རེའི་མཛད་པ་གལ་ཆེན་ཞིག་རེད་བྱིན་རླབས་ཆེན་པོ་རེད་། དེའི་སྐབས་སུ་དབང་ལུང་སོགས་མང་པོ་ཞིག་ཡང་སྐབས་དེར་དུས་བརྒྱ་ལན་གཅིག་ལ་ཡོད་རེད་མི་སྐྱ་ཕོ་མོ་སུ་ཞིག་ཡིན་ཡང་དེ་དག་གལ་ཆེན་བརྩི་དགོས་སྐོར་”བཀའ་སློབ་གནད་སྨིན་བསྩལ།

དེ་རྗེས་ལོ་འཁོར་གཅིག་གི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། བཙུན་དགོན་རདྞ་སྨན་གླིང་གི་སློབ་གཉེར་བའི་གྲལ་ནས་འཕར་རྒྱུགས་དམིགས་བསལ་ངག་རྒྱུགས་འབུལ་མཁན་དང་། ལོ་འཁོར་གྱི་ཡིག་རྒྱུགས་ཁྲོད་ནས་གནས་རིམ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ལེན་མཁན་བཅས་ལ་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་གཟེངས་བསྟོད་ཕྱག་འཁྱེར་དང་ཁ་བཏགས་གསོལ་བསྩལ་གནང་།  དེ་རྗེས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱན་ཤོག་ཐོབ་མཁན་རྣམས་ལ་༸སྐྱབས་རྗེ་མཁན་སློབ་རྣམས་གཉིས་ཀྱི་དྲུང་ནས་རྒྱན་ཐོབ་བྱ་དགའ་བཞེས།

དེ་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་མཛའ་བརྩེའི་འཚམས་འདྲི་དང་བཅས་དུས་ཆེན་འདི་དང་འབྲེལ་བཀའ་སློབ་སྩལ་དོན། “སྔོན་བྱོན་གྱི་བླ་རྒན་མི་རྒན་མང་པོ་ཞིག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་རྒྱུད་འཛིན་གྱི་ཆེད་ས་ཆ་ཉོ་སྒྲུབ་དང་༧་རྒྱལ་བ་སྨན་རིའི་ཁྲི་འཛིན་བཀོད་བཞག་གནང་ནས་རིམ་བཞིན་ད་ལྟའི་བར་ང་ཚོའི་མིག་མདུན་དུ་ཁྲ་ཆག་སེ་འོད་སྤུང་ངེ་ཡོད་པ་བཞེངས་བཞག་ཡོད་རེད།” “རང་ཉིད་ལ་ཁྱི་ལ་སེང་གེའི་མིང་བཏགས་པ་བཞིན་སྨན་རིའི་ཁྲི་འཛིན་གྱི་མིང་དེ་བཏགས་ནས་འགན་དེ་ངའི་ཕྲག་པར་བབ་སྡད་ཡོད་རེད།”ཅེས་སོགས་དང་རིམ་བཞིན་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་གཞོལ་དགོས་པ་གལ་ཆེན་ཡིན་སྐོར་དང་། ཆོས་ལུགས་སུ་ཞིག་ཡིན་ཡང་གུས་བརྩི་དང་མཐུན་ལམ་དགོས་པ་ལས་གནོད་སེམས་ཀྱི་བསམ་བློ་བཏང་རྒྱུ་མེད་སྐོར་གྱི་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་རེད།

མཇུག་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དུས་ཆེན་རྒྱལ་ཁའི་ངང་མཇུག་གྲུབ་པ་ཡོད་པ་དང་།

སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་༧གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས