གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”མཇུག་གྲུབ་པ།

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་བཀའ་མངགས་དང་དགོངས་པ་ལྟར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་གོ་སྒྲིག་གནང་སྟེ་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་དང་བསྟུན་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞེས་པ་ཞིག་འཚོགས་གནང་སོང་ལ་བགྲོ་གླེང་འདིར་གཏམ་བཤད་གནང་མཁན་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་གཏམ་བཤད་པ་གྲངས་༡༣ དང་། གཞན་ཡང་ཟུར་ཉན་དུ་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་་ཞིབ་འཇུག་པ་དང་སློབ་གཉེར་པ་སོགས་གྲངས་ ༡༥༠ ཙམ་ཞིག་ཕེབས་གནང་ཡོད་འདུག

བགྲོ་གླེང་གི་ཉིན་གཉིས་པའམ་མཐའ་མ་སྟེ་བོད་ཤིང་འབྲུག་ལོའི་བོད་ཟླ་ ༣ ཚེས་ ༡༡ ཉིན། དངོས་གཞིའི་བགྲོ་གླེང་གི་ཚོགས་ཐུན་བཞི་པར་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་ཏུན་ཧོང་ཡིག་རྙིང་ལས་བོན་པོ་ཞིབ་འཇུག་གི་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་།

དེ་རྗེས་ཤ་བོ་རྟ་མགྲིན་ལགས་ནས་ཏུན་ཧོང་ཤོག་དྲིལ་ཨང་P.T.1287ལས་ཞང་བོད་ལོ་རྒྱུས་ལ་དཔྱད་པ་སད་མར་ཀར་གྱི་འཛུམ་གྲོལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་སོང་།

གསོལ་ཇའི་བར་གསེང་གི་རྗེས་བགྲོ་གླེང་གི་ཚོགས་ཐུན་ལྔ་པར་ཁྲིསི་ཊི་ན། ཅེཀ (Krystyna Cech) ལགས་ནས་བོད་ཀྱི་བོན་པོའི་སྤྱི་ཚོགས་དང་བོན་གྱི་ས་ཚིགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

བློ་བཟང་ཐབས་མཁས་ལགས་ནས་ཞང་ཞུང་དང་གུ་གེའི་སྐོར་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་སོང་།

ཉིན་རྒྱབ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་ནས། བེ་རི་རྒྱལ་པོ་དང་གཡུང་དྲུང་བོན་གྱི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

པ་སངས་སྒྲོལ་དཀར་ལགས་ནས་གློ་བོའི་ཡུལ་གྱི་བོན་པོའི་བྱུང་རབས་དང་ད་ལྟའི་གནས་བབ་སྐོར་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་དང་དྲིས་ལན་བཅས་གནང་ནས་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་གི་དངོས་གཞིའི་གཏམ་བཤད་ལས་རིམ་མཇུག་གྲུབ་ཡོད་པ་རེད།

ཉིན་གུང་༸རྒྱལ་བ་སྨན་རིའི་བླ་བྲང་ནས་གཏམ་བཤད་པ་ཡོངས་ལ་གསོལ་ཚིགས་དང་། དེ་བཞིན་ཕྱག་རྟགས་སོགས་གསོལ་བསྩལ་གནང་རྗེས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་སྐུ་ང་འདྲ་མ་དང་། གསེར་གདུང་དེ་བཞིན་ཕྱག་ཆ་སོགས་བཞུགས་པའི་རྗེས་དྲན་ཁང་དུ་མཇལ་སྐོར་གྲུབ་ཡོད་པ་རེད།

ཉིན་གཉིས་པའི་ཕྱི་དྲོའི་དུས་ཚོད་བཞི་པའི་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་མཛད་སྒོའི་ཚོགས་མགོན་དུ་གདན་ཞུས་ཀྱིས་མཇུག་སྡོམ་མཛད་སྒོ་འཚོགས་གནང་ཡོད་པ་དང་།

དེ་ཡང་ཐོག་མར་དགེ་བཤེས་གཡུང་དྲུང་དགེ་ལེགས་ལགས་ཀྱིས་མཛད་སྒོའི་གཙོ་སྐྱོང་དང་བཅས་མཇུག་སྡོམ་མཛད་སྒོ་གནང་མཚམས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གཉིས་ཀྱིས་བགྲོ་གླེང་གི་གཏམ་བཤད་པ་རྣམ་ལ་མགུལ་དར་བསྒྲོན་གནང་ཡོད་པ་དང་།

དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས། འཚམས་འདྲི་དང་བཅས་ “གཞོན་སྐྱེས་རྣམ་པ་ཚོས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱས་པར་ཧ་ཅང་ཡག་པོ་རེད། ཞིབ་འཇུག་བྱེད་པ་ལ་ངེས་པར་དུ་དཔེ་ཆ་པོད་ཏི་མཐུག་པོ་ཞིག་ལ་ཞིབ་འཇུག་དགོས་མ་རེད། དཔེར་ན་བོད་ཀྱི་འབྲི་གཡག་གི་ལོ་ཚོདབརྩི་སྟངས་ཀྱིས་མཚོན་པའི་ཞིང་འབྲོག་འཚོ་བའི་ཁྲོད་ཀྱི་ཡོ་བྱད་དང་ལམ་སྲོལ་རེ་རེ་ནས་ཞིབ་འཇུག་བྱས་ན་བྱེད་ཡ་ཡོད་རེད། དེ་དག་ཚང་མ་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་རེད།” “གཞོན་སྐྱེས་ཚོས་མ་འོངས་པར་ཞིབ་འཇུག་བྱས་ནས་སྐྱེ་བ་མི་ལུས་བླངས་པའི་གོ་ཆོད་པའི་དེབ་རེ་བཏོན་ཐུབ་པ་ཡིན་ན་ལོ་ངོ་སྟོང་ཕྲག་ལ་ལྷག་གི་རེད།” དེ་བཞིན་ཞིབ་འཇུག་པ་ཞིག་གིས་ངོས་ནས་གང་ཡིན་པ་དང་མིན་པ་དྲང་མོ་དགོས་པ་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།

དེ་རྗེས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དེ་འབྲེལ་གྱི་བཀའ་སློབ་བསྩལ་གནང་གྲུབ་མཚམས།

གོ་སྒྲིགས་པ་དགེ་བཤེས་ཁྲི་གཡུང་དྲུང་དང་འབུམ་རམས་པ་སྐལ་བཟང་ནོར་བུ་གཉིས་སོ་སོས་དབྱིན་བོད་གཉིས་ཀྱི་སྐད་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ཡོད་པ་དང་། གཞན་ཡང་བགྲོ་གླེང་སྐབས་ཕྱག་ལས་གནང་མཁན་གྱི་ལས་རོགས་རྣམས་ལ་མགུལ་དར་རེ་བསྒྲོན་ཏེ་༧རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།