གཡུང་དྲུང་བོན་གྱི་དྲྭ་རྒྱ།

“བོན་སྒོ་”ཨང་ ༡ ནས་ ༢༠ བར་གྱི་དཔྱད་རྩོམ་ཕྱོགས་སྒྲིགས་ཀྱི་དེབ་སྟོད་སྨད་བར་གསུམ་དབུ་འབྱེད་གནང་བ།

དེ་རིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”གི་མཛད་སྒོའི་ཐོག་“བོན་སྒོ་”ཨང་ ༡ ནས་ ༢༠ བར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་བྱས་པའི་དེབ་སྟོད་ཆ་དང་། བར་ཆ། སྨད་ཆ་གསུམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་སོང་།

དེ་ཡང་ཐོག་མར་བགྲོ་གླེང་གི་སྔོན་འགྲོའི་མཛད་རིམ་རྣམས་ཚར་རྗེས་“བོན་སྒོ་”གཙོ་སྒྲིག་པ་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ཀྱིས་དཔེ་དེབ་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་༸སྐྱབས་རྗེ་སྨན་རི་བ་མཆོག་ནས་དཔེ་དེབ་ཞལ་འབྱེད་དང་རྩོམ་སྒྲིགས་ཚོགས་མི་རྣམས་ལ་མགུལ་དར་རེ་བཅས་གནང་སོང་།

སྔོན་གླེང་བསྒྲགས་པ་གོང་མ།

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།

(གཙོ་སྒྲིག་པ།)

“གངས་ཅན་བོད་མི་ས་ཡ་དྲུག་”ཙམ་ཡོད་པའི་བཤད་སྲོལ་འདི་དུས་ནམ་ཞིག་ནས་འགོ་ཚུགས་མིན་མ་ཤེས་ཀྱང་། སྡོམ་ཚིག་འདིས་ང་ཚོའི་མི་རིགས་ཀྱི་གྲངས་ཀ་རོབ་ཚོད་ཙམ་ཚོད་དཔག་བྱེད་ཆོག་མོད། དེ་དག་ཚང་མ་མདོ་དབུས་མཐོ་སྒང་གི་ཡུལ་གྲུར་རྟ་པའི་ཟླ་ལམ་མང་པོའི་བར་ཐག་སྟེ་སྟོད་མངའ་རིས་སྐོར་གསུམ་དང་། སྨད་མདོ་གམ་སྒང་དྲུག བར་དབུས་གཙང་རུ་བཞིའམ། ཡང་ན་བོད་མདོ་དབུས་ཁམས་གསུམ་གྱི་རི་ཀླུང་སྒང་གཤོང་རྣམས་སུ་ཁ་གྲམ་ནས་ཡོད་པ་ལས་ས་ཁུལ་ཆུང་ངུ་ཞིག་ཏུ་ཐམས་ཅད་ཁྱུ་ཚོ་རེ་གཉིས་ཙམ་བྱས་ནས་གནས་སྡོད་བྱས་པ་ཞིག་མ་ཡིན། ཆོས་ལུགས་ཀྱི་ཆ་ནས་ཀྱང་གཙོ་བོ་བོན་བན་གཉིས་ཏེ་བོད་རང་སའི་ཆོས་ལུགས་གཡུང་དྲུང་བོན་དང་། གཞན་ཡང་ཕྱིས་སུ་དར་བའི་བན་དེ་ལ་ཆོས་བརྒྱུད་བཞི་ཞེས་ཤོད་ཀྱང་ནང་གསེས་མ་འདྲ་བ་མང་པོ་ཡོད་པས། དགོན་པ་ཡང་སྟོང་ཕྲག་དུ་མ་ཡོད་ངེས། རྒྱུ་མཚན་དེའི་དབང་གིས་“ལུང་ཆུང་རེ་ལ་དགོན་ཆུང་རེ། །བླ་མ་རེ་ལ་ཆོས་ལུགས་རེ།” །ཞེས་པའི་གཏམ་དཔེ་འདི་བཞིན་བོད་མི་རྒན་གཞོན་ཀུན་གྱིས་བཤད་ནས་ཁ་ལ་བྱང་ཞིང་གོ་ནས་རྣ་བར་འཇགས་པའི་ཚོད་དུ་ཡོད།

དེའི་ཚེ་དེའི་དུས་རྒྱ་ཆེ་ས་ནས་ཆོས་ལུགས་འཐབ་རྩོད་ཀྱི་གནས་སྟངས་མེད་པ་མ་ཡིན་པར། སྔ་ཕྱིར་ཆབ་སྲིད་བེད་སྤྱད་དེ་ཆོས་ལུགས་རྒྱ་བསྐྱེད་གཏོང་བ་དང་། ཆོས་ལུགས་ཀྱི་མིང་ཁུར་ནས་སྲིད་དབང་འཕྲོག་རེས་བྱས་པའི་གནས་ཚུལ་རྣམས་ཡོངས་གྲགས་ཡིན་ཡང་། ཕྱོགས་གཞན་ཞིག་ནས་ལ་ལུང་ཐ་དད་ལྟ་བུའི་ཡུལ་གྲུ་སོ་སོར་ཆོས་བྱེད་པ་རང་རང་གིས་རང་བསྟན་རང་སྐྱོང་བྱས་ནས་བསྡད་ཡོད་པས་ཕན་ཚུན་བཟང་ངན་གྱི་འབྲེལ་འགྲས་དམིགས་བསལ་མེད། དུས་འགྱུར་སྐབས་གཞིས་བྱེས་གཉིས་སུ་གྱེས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཁྲི་སྟོང་མང་པོ་དང་། བོད་ཀྱི་ཆོས་ལུགས་ཡོད་ཚད་བྱེས་ཀྱི་སྤྱི་ཚོགས་ཆུང་ངུའི་དཀྱིལ་འཁོར་གཅིག་ལ་ལྷན་དུ་འཛོམས་སྐབས། ཆོས་ལུགས་ཕྱོགས་འཐེན་གྱི་རྣམ་པ་དེ་ཁ་ཕྱོགས་གཞན་ཞིག་ཏུ་གྱུར། སྐབས་དེར་སྲིད་པ་ཆགས་པའི་གངས་རྒན་བོད་ཁ་བ་རི་པའི་“ཕྱིའི་ལྕགས་རི་དང་། །ནང་གི་ནོར་བུ་”ལྟ་བུའི་ཆོས་ལུགས་དང་རིག་གཞུང་གི་ཆེད་དུ་ལུས་སྲོག་བློས་བཏང་གིས་དབུགས་རྒྱུན་བསྐྱངས་པའི་བོན་པོ་དག་ལ་མཚོན་ན། ཆོས་བརྒྱུད་གཞན་གྱི་སྤྱི་ཚོགས་ནང་དེ་སྔོན་ཕལ་མོ་ཆེས་འདྲིས་རྒྱུས་མེད་པའི་དབང་གིས་“གཟུགས་མེད་གྲིབ་བཟོ་དང་། །ཉེས་མེད་ནག་འགེལ་”སྣ་ཚོགས་ཀྱིས། “ལྷགས་པས་ནང་ལ་དེད། །ལྟོགས་པས་སྒོར་ཕུད་”མྱངས་ཡོད་པ་མ་ཟད། ཐ་ན་བོན་གྱི་སྐྱེས་ཆེན་འགའ་རེའི་སྐུ་སྲོག་ལའང་ཉེན་ཁ་བྱུང་སྟེ་སྐབས་རེར་ཉེན་གཡོལ་གནང་དགོས་བྱུང་བའི་ལོ་རྒྱུས་ཀྱང་ཐོས་རྒྱུ་ཡོད།

ཕྱི་ལོ་ ༡༩༨༧ ལོར་དབུ་བརྩམས་ཏེ་འདོན་སྤེལ་བྱས་པའི་<<བོན་སྒོ་>>འདོན་ཐེངས་སྔ་གྲས་རྣམས་སུ།  བོན་གྱི་སྨྱུག་ཐོགས་པ་ཀུན་མགྲིན་དབྱངས་གཅིག་གྱུར་གྱིས། བོན་པོ་ནང་པ་ཡིན་ལུགས། བོན་ལ་གཞི་ལ་འབྲས་གསུམ་རྣམ་བཞག་ཚང་ལ་མ་ནོར་བ་ཡོད་ཚུལ། སྲོང་བཙན་གོང་གི་སྤུ་རྒྱལ་བོད་ཀྱི་རྒྱལ་པོ་སོ་གཉིས་ཀྱི་རིང་བོད་ལ་ཡི་གེ་དང་ཤེས་རིག་ཡོད་སྟངས། བོན་ལ་རྡོལ་འཁྱར་བསྒྱུར་གསུམ་ཟེར་བ་གཞི་མེད་སྐྱོན་འཛུགས་ཡིན་རབས། ཞང་ཞུང་ནི་བོན་བསྟན་བྱུང་ཁུངས་ཀྱི་ཡུལ་ལུང་གལ་ཆེན་ཞིག་ཡིན་སྐོར་སོགས་ལུང་རིག་ཟུང་སྦྲེལ་དང་ཁུངས་དཔང་སྣ་ཚོགས་ཀྱི་སྒོ་ནས་ཡང་ནས་བསྐྱར་དུ་གསལ་བཤད་དང་ལན་འདེབས་འབའ་ཞིག་བྱས་ཡོད། དེ་བས་ཐེངས་འདིར་དཔར་སྐྲུན་ཞུས་པའི་<<བོན་སྒོ་ལོ་དེབ་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་>>འདི་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྐོར་བོད་ཀྱི་སྤྱི་ཚོགས་ནང་བོན་ལ་འཛིན་པའི་རྣམ་འགྱུར་ཇི་ལྟར་ཡིན་མིན་རྗེན་པར་མཐོང་བའི་གཡའ་བྲལ་གྱི་མེ་ལོང་ཞིག་ཏུ་གྱུར་ཡོད།

དེ་ཙམ་དུ་མ་ཟད་སླད་ཕྱིན་བོད་མི་རིགས་རང་གི་ཤ་རུས་རྐང་ལ་ཐིམ་པའི་ཆོས་ལུགས་དང་རིག་གཞུང་ངོ་མ་སྟེ། བོན་གྱི་ལྟ་གྲུབ་དང་ཤེས་རིག་ལ་ཆ་རྒྱུས་མེད་པའི་གསར་སྐྱེས་གཞོན་རབས་པ་རྣམས་ཀྱིས་“བོན་བསྟན་”དང་“བོན་པོ་”ཞེས་པ་ཇི་ལྟར་ཡིན་མིན་ཤེས་རྟོགས་བྱེད་པར་མེད་དུ་མི་རུང་བའི་རྒྱུན་མཁོའི་ལག་དེབ་ཞིག་གམ། ཡང་ན་བོན་དང་འབྲེལ་བའི་སྣ་འཛོམས་ཤེས་བྱའི་གཏེར་མཛོད་ལྟ་བུ་ཞིག་ཏུའང་གྱུར་ཡོད་པ་ནི། མཁས་དབང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས། “ལྷག་དོན་འདིའི་ནང་དུ་བོད་ཡ་ཐོག་ནས་བཙན་པོའི་དུས་རབས་སྐབས་ཀྱི་ལོ་རྒྱུས་དང་། བོན་གྱི་བསྟན་འབྱུང་ལོ་རྒྱུས་ཐད་ལོ་དེབ་འདི་ལས་རིན་ཐང་ཆེ་བ་ཞིག་ད་ཕན་བོད་ཕྱི་ནང་གཉིས་ཀ་ནས་ཐོན་མ་མྱོང་”ཞེས་གསུངས་པ་འདིས་ང་ཚོས་རང་བསྟོད་ཙམ་དུ་མིན་པ་ར་འཕྲོད་ངེས།

སྐབས་འདིར་ཤིན་ཏུ་ཡ་མཚན་པའི་ཚོར་སྣང་ཞིག་བྱུང་བ་ནི། དཔེ་དེབ་སྟོད་སྨད་བར་གསུམ་དུ་ཁྱོན་རྩོམ་ཡིག་ཆིག་བརྒྱ་དྲུག་ཅུ་རེ་ལྔ་ཡོད་པ་ལས་བརྒྱ་ཆ་བརྒྱད་ཅུ་མ་ཟིན་ཙམ་གྱི་ནང་ཚིག་འབྲུ་མང་ཉུང་ལ་མ་ལྟོས་པར་གོང་ཞུས་ལྟར་བོན་ལ་མ་རྟོགས་དང་། ལོག་རྟོག ཐེ་ཚོམ་གྱི་དབང་གིས་དངོས་བརྒྱུད་ཅི་རིགས་ཀྱིས་དམའ་འབེབས་དང་ཟུར་ཟ་བྱེད་མཁན་རྣམས་ལ་གསལ་བཤད་དང་། ལན་འདེབས་བྱས་ཡོད་ཀྱང་། སྐབས་དེའི་མགོ་མཇུག་བར་གསུམ་དུ་བོན་གྱི་མཁས་དབང་དགེ་བཤེས་དང་། དགེ་འདུན་པ་དཀྱུས་མ་སུ་ཞིག་ཡིན་རུང་ཀུན་གྱིས་ཤཱཀ་གཤེན་གཉིས་ཀྱི་བསྟན་པ་འགལ་མེད་ཡིན་ཚུལ་དང་དག་སྣང་དགོས་ལུགས་འབའ་ཞིག་ལས། བན་དེའི་མི་སྣས་བོན་ལ་བསྙོན་འཛུགས་དང་སྡང་ཟུག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། འཁོན་ལན་ལྟ་བུར་མཉམ་མེད་ཐུབ་པའི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་རྣམས་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་སྐུར་བྱས་པ་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ནི། ཆེས་གཟི་བརྗིད་དང་དྲང་བདེན་གྱི་རང་བཞིན་ཞིག་ཏུ་མཐོང་ལ། ལྷག་པར་དུ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་གུ་ཡངས་དཀྱིལ་ཆེའི་དགོངས་བཞེད་དེ་ཕ་གཤིས་བུ་ལ་འཇགས་པ་ལོས་ཡིན་སྙམ་ནས་གདེང་སྤོབས་ཀྱང་སྐྱེས།

མཚམས་འདི་ནས་ཁོ་བོས་གླེང་འདོད་པ་གཞན་ཞིག་ནི། མཁས་དབང་ཤར་པ་ཐོགས་མེད་ཀྱིས། “བན་བོན་ཕན་ཚུན་ཞད་ཆེ་བ་འདི་རྒྱུ་མཚན་མདོ་གཅིག་ཏུ་བསྡུས་ན། དེ་ནི་བདག་གཞན་གཉིས་ཀར་བརྩི་ཆེ་བ་དང་། གཞན་གྱི་ལེགས་ཆ་རང་གིས་ལེན་པའི་ནུས་པ་དང་ལྡན་པ་འདི་ལ་ཐུག་ཡོད། གལ་ཏེ་གཞན་གྱི་ལེགས་ཆ་ལེན་པའི་ཀུན་སློང་དང་མི་ལྡན་ན། བན་བོན་གྱི་བཀའ་བརྟེན་འདི་དག་གནས་དཀའ་ལ། བོན་ལ་བན་ཞད་ཆེ་མི་སྲིད་ལ་བན་ལ་བོན་ཞད་ཀྱང་ཆེ་མི་སྲིད། གཞན་གྱི་ལེགས་ཆ་རང་གིས་ལེན་པའི་བྱིན་ནུས་དང་མི་ལྡན་ན་རང་གི་རིག་གནས་ཀྱི་གཞི་རྒྱ་བསྐྱེད་དཀའ་ཤས་ཆེ་ན་གཞན་ལ་སྤེལ་རྒྱུ་ནི་དེ་བས་ཀྱང་དཀའ་འོ།” །ཞེས་གསུངས་པ་ལྟར་ཁོར་ཡུག་གསར་པ་ཞིག་ཏུ་ཆོས་རིག་གསར་པ་ཞིག་སྤེལ་བ་ལ་ངེས་པར་དུ་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་དང་འཚམས་པའི་ལེགས་བཅོས་མ་བྱས་ཚེ་དང་ལེན་བྱེད་མི་ཐུབ་པ་ནི་སྨོས་མེད་ཡིན་པས། ཆོས་རྒྱལ་དང་ལོ་པཎ་དག་གིས་ཐུབ་བསྟན་བོད་དུ་དྲངས་རྗེས་སྐུ་ངལ་ཚད་མེད་སྐྱོན་ནས་ལེགས་བཅོས་དང་སྣོན་ཕྲི་རིམ་པར་བྱས་ཏེ། “ཐུད་ཚོན་པོ་མར་གྱི་བཀའ་དྲིན་རེད། །མར་མེད་ན་ཕྱུ་རའི་སྤགས་གོང་རེད།” །ཅེས་པའི་དཔེ་ལྟར་བོད་རང་སའི་ཆོས་རིག་གིས་ཤན་ཤུགས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཏུ་གྱུར།

དེ་ཡང་ཚེ་ལུས་གཅིག་ལ་གདོས་བཅས་སྒྱུ་མའི་ཕུང་པོ་ཟག་མེད་འཇའ་འོད་དུ་གྲོལ་བའི་གདམས་ཟབ་བླ་མེད་རྫོགས་པ་ཆེན་པོ་ནས། སྣང་སྲིད་འཇིག་རྟེན་བདེ་བྱེད་སྲིད་པ་རྒྱུ་ཡི་བོན་ཕྱྭ་སྣང་འཕྲུལ་སྲིད་བཞིའི་བར་འདི་ཕྱིའི་དོན་གཉིས་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འདི་དག་རི་བོ་གངས་རྒྱལ་ཏི་སེའི་ཁོར་མོ་ཡུག་དང་དེའི་འདབས་སྦྲེལ་ཁག་ལས་གཞན་མེད་པས། རང་རེའི་བོད་བརྒྱུད་ཐུབ་བསྟན་འདི་ལ་ཐ་སྙད་ཅུང་ཟད་འདྲ་མིན་ལ་མ་ལྟོས་པར་“མ་ལ་མིང་པོ་མེད་པར། །བུ་ལ་ཞང་པོ་”ཞིག་རྙེད་ཡོད་སྟབས། ཡུལ་གྲུ་གཞན་གྱི་ཐུབ་བསྟན་རིང་ལུགས་འཛིན་པ་དག་གིས་“བོད་བླ་མའི་ཆོས་ལུགས་”ཞེས་བརྗོད་པའང་རྒྱུ་མཚན་འདི་ལས་གཞན་ཅི་ཡང་མིན། དེ་བཞིན་དུས་རབས་བརྒྱད་པ་ནས་བཟུང་ཐུབ་བསྟན་གྱི་མེ་ལྕེ་བོད་དུ་རིམ་བཞིན་མཆེད་དེ་གཉུག་གནས་ཀྱི་བོན་བསྟན་ལའང་བཅོས་བསྒྱུར་སོགས་ཉམས་གུད་ཀྱི་དབུ་བརྩམས་ཤིང་། མཐར་གསར་པས་རྙིང་པ་ཟིལ་གྱིས་གནོན་ཞིང་མང་པོའི་གསེབ་ཏུ་ཉུང་ངུ་ཐིམ་ལ་ཉེ་བའི་དཀའ་ཚེགས་ཀྱི་སྐབས་བོན་བསྟན་གྱི་མར་མེ་དུས་གཏན་དུ་གཟིམས་པར་དོགས་པའི་བོན་གྱི་སྐྱེས་ཆེན་རྣམས་ཀྱིས་རང་བསྟན་དེ་ཡང་སྒོ་ཀུན་ནས་ཐུབ་བསྟན་དང་བསྟུན་དགོས་འབྱུང་བ་ནི། ཆོས་ལུགས་བྱེ་བྲག་པ་ཞིག་སྤྱི་ཚོགས་དེར་གསོན་གནས་ཐུབ་དགོས་ན་ཁྱབ་རྒྱ་དང་ཤུགས་རྐྱེན་ཆེ་བའི་ཆོས་ལུགས་དེ་དང་མ་བསྟུན་ཐབས་མེད་ཡིན་པས་རེད།

མདོར་ན་འདས་པའི་ལོ་རྒྱུས་ལ་ཕྱོགས་སྡོམ་ཞིག་བྱས་ན་ཕྱོགས་གཅིག་ནས་བོན་བན་ཕན་ཚུན་བར་འཐབ་འཛིང་གིས་གདོང་ཐུག་བྱུང་ཡང་། ཕྱོགས་གཞན་ཞིག་ནས་དང་ཐོག་བན་དེས་ཐུབ་བསྟན་བོད་དུ་སྤེལ་བར་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཤ་པགས་རུས་གསེང་དུ་ཐིམ་པའི་ཆོས་དང་རིག་གཞུང་དེ་དག་དང་འཚམས་པའི་བཟོ་བཅོས་རིམ་པར་བྱས་ཤིང་། མཐར་བོན་པོས་ཀྱང་རང་བསྟན་རྒྱུན་གནས་ཡོང་ཆེད་ཐུབ་བསྟན་དང་རྣམ་པ་མཐུན་ཐབས་བྱས་ཏེ། གང་ལྟར་གཉིས་ཀ་ཁོར་ཡུག་གཅིག་ལ་“རྩ་བ་མ་རུལ་ཞིང་། །རྩེ་མོ་མ་སྐམ་”བ་ཞིག་གནས་དགོས་སྟབས་ཕན་ཚུན་ཡུལ་དུས་གནས་བབ་དང་འཚམས་པའི་ལེགས་ཆ་བསྡུ་ལེན་གང་མང་བྱས་ཡོད། དེ་བས་“བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོའི་ནང་གི་གང་མཁས་ཡིན།” །ཞེས་བོད་ཀྱི་གཏམ་དཔེ་དེ་སྐབས་དོན་འདི་འདྲ་ཞིག་དང་འབྲེལ་བ་ཡོད་ངེས།

འོན་ཀྱང་དེ་སྔོན་ཆོས་འབྱུང་དང་ལོ་རྒྱུས་སྨྲ་བ་མང་པོས། བོན་གྱི་ཡིག་ཚང་ལ་སྤྱན་གྱིས་ཟུར་ཙམ་ཡང་མི་གཟིགས་པར་གོ་ལོ་ཐོས་ལོ་ཁོ་ནས་“མུན་ནག་མདའ་འཕེན་དང་། །རྒྱ་མཚོ་རྡོ་གཡུག་”ཤ་སྟག་གིས། རྡོལ་འཁྱར་བསྒྱུར་གསུམ་དང་། དཀར་ནག་ཡོད་རབས། དམར་མཆོད་བྱེད་ལུགས་སོགས་“ཕྱོགས་སྔའི་ནམ་མ་ལངས་གོང་། དགག་པའི་ཉི་མ་ཤར་”ཏེ། བོད་གངས་ཅན་པའི་ཡབ་མེས་ཀྱི་ཆོས་དང་རིག་གཞུང་ལ་བརྙས་དམོད་སྣ་ཚོགས་ཀྱིས། བཟང་དགུ་མི་ལ་བརྫངས་ཏེ་“མི་ཡུལ་འོད་ཀྱིས་རྒྱངས།” །ངན་དགུ་རང་ལ་བསྒྲུབས་ཏེ་“རང་ཡུལ་སྟོང་པར་བཞག་”ཡོད་པ་འདི་དག་ལ་བསམ་ཚེ་“ཕྱིའི་ཆར་པ་ལས་ནང་གི་ཐིགས་པ་སྡུག་”པའི་གནས་ལུགས་དེ་ཡིད་ལ་མི་དྲན་ཀ་མེད་ལྟ་བུར་གྱུར། དེ་ལྟར་ནའང་“བཤད་དྲགས་ན་ཕ་གཏམ་བུ་ལ་གནོད།” །ཅེས་པའི་དཔེ་ལྟར་མི་འགྱུར་བའི་ཕྱིར་སྤྲོས་པ་སྐྱུང་སྟེ་མཐའ་མཇུག་གི་རེ་སྐུལ་ཞུ་རྒྱུ་ནི། ད་ནི་ང་ཚོས་ཆོས་ལུགས་རིས་མེད་དང་དག་སྣང་ཕྱོགས་མེད་ཅེས་“ཁ་ཁུ་བྱུག་བཞིན་དུ་སྙན་ཡང་། །ཁོག་གཞུ་མོ་བཞིན་དུ་འཁྱོག་”པའི་ཕྱོགས་འཐེན་གྱི་རྟུལ་ཞུགས་མི་བཟུང་པར། “ཐོས་པ་བརྒྱ་ལས། །མཐོང་བ་གཅིག་ལྷག་”པ་ཡབ་མེས་བགྲེས་པོ་ཚོའི་ལེགས་བཤད་དེ་དག་ཡིད་ལ་བཟུང་སྟེ། “བྲེ་སྲང་ལོགས་སུ་བཞག་ནས། །མར་ལ་སྤོམ་ཚོད་དགོས་དོན་མེད་”སྟབས། བོན་ལ་དཔྱད་བརྗོད་དགོས་ན་བོན་བསྟན་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚང་འདི་དག་དཔྱད་གཞིའི་རྒྱུ་ཆ་གཙོ་བོར་འཛིན་དགོས་པ་ལས། རྣམ་པ་ཀུན་ཏུ་“རྩམ་པའི་ཁག་ཐེག་རམ་པ་མི་ཡོང་”བར་ཐུགས་དགོངས་སུ་མངའ་བར་ཞུའོ།། །།

དེབ་དང་པོ་དཀར་ཆག་འདི་ནས་ཕབས་ལེན་ཐུབ།

སྔོན་གླེང་བསྒྲགས་པ་བར་མ།

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།

(གཙོ་སྒྲིག་པ།)

སྟོང་ལོ་གསར་པའི་དུས་རབས་འདིར་ཁོ་བོའི་སེམས་ཁོངས་སུ་རེ་བ་གསེར་ལྟ་བུ་ཞིག་དང་། ཡིད་ཆེས་རི་འདྲ་བ་ཞིག་ཡོད་པ་ནི། དེང་རབས་རང་རེ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས། སྲོང་བཙན་གོང་གི་མངའ་མཛད་བཅུ་དང་། སིལ་མ་བཞི་བཅུ། རྒྱལ་ཕྲན་བཅུ་གཉིས། སྤུ་རྒྱལ་བོད་ཀྱི་བཙན་པོའི་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་རིང་ལ་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་སུ་ཤེས་དཔལ་གྱི་ཉི་མ་ཤར་བཞིན་གནས་ཀྱང་། རང་རེ་གངས་ཅན་ཞིང་དུ་ཕན་ཚུན་བརྡ་སྤྲོད་པའི་ཡི་གེ་ཙམ་ཡང་མེད་པར་མུན་ནག་དང་ཀླ་ཀློའི་རྣམ་པར་བསྡད་ཡོད་ཅེས་མི་རིགས་གཞན་ལ་འགྲེལ་བཤད་སྐྱོན་མི་སྲིད་ལ། གལ་ཏེ་རྩ་ལམ་ནས་བོད་མི་རིགས་ཀྱི་ཟུངས་ཁྲག་དྲོན་མོ་རྒྱུ་བའི་གངས་ཅན་པ་ཞིག་གིས་དེ་ལྟར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འགོ་ཁུངས་རྙོག་ན་ངོས་ལེན་དེ་བས་ཀྱང་བྱེད་མི་སྲིད། རྒྱུ་མཚན་གང་ལགས་ཤེ་ན། དེ་ནི་གཅིག་ནས་བདེན་པའི་གནས་ལུགས་དང་འགལ་བས་ཡིན་ལ། གཉིས་སུ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཁ་ཕོར་དབུ་རྣའི་ཆེད་དུ་མ་ཡིན་པར་བོད་སྤྱི་པའི་ལས་དབང་ལ་འབྲེལ་བ་ཡོད་པས་རང་རིགས་འདི་“འགྱེལ་བའི་སྒང་ལ་རྡོག་བརྫིས་གཏོང་”མི་འདོད་པས་རེད།
ལོ་རྒྱུས་ཐོག་བོད་གངས་ཅན་གྱི་ལྗོངས་སུ་མཁས་པ་གསེར་རིའི་འཕྲེང་བ་ལྟར་བྱོན་རབས་གླེང་ན་ཤིན་ཏུ་ནས་རྣ་བར་སྙན་ཡང་། ཁོང་རྣམ་པས་མཛད་པའི་ལོ་རྒྱུས་དེབ་ཐེར་དེ་དག་ཞལ་རེ་ཕྱེས་ན། མང་པོ་ཞིག་གིས་“བོད་རྒྱལ་པོའི་གདུང་རབས་རྗེ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་སྙན་ཤལ་ཡན་ལ། གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་ལྔ་བརྒྱ་སོང་འདུག་པར་ངེས་ཟེར་ན་ཡང་། ཆོས་དང་འབྲེལ་བའི་རྒྱལ་པོ་མི་འདུག་པས་ལོ་རྒྱུས་རྒྱས་པར་མ་བཀོད།” ཅེས་པ་ལྟ་བུ། དམ་པའི་ཆོས་དང་འབྲེལ་བའི་རྒྱལ་པོ་རྣམས་རྡོ་རྗེ་སྐེད་བཟུང་གིས་ཚད་མཐོའི་ཆེ་བསྟོད་བྱས་པ་ཙམ་ལས། མཐོ་སྒང་བོད་ཀྱི་ཡུལ་དུ་ལུགས་གཉིས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཤར་ལྷོ་ནུབ་བྱང་གི་རྒྱལ་ཁབ་སུ་ལའང་འགྲན་ཕོད་པའི་“སྤུ་རྒྱལ་བཙན་པོ་”ཡི་རྒྱལ་རབས་བཞི་བཅུ་ཞེ་གཉིས་བྱུང་བའི་ཁྲོད་ནས་སུམ་ཅུ་སོ་གྲངས་ཤིག་ནི་“རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་”ཞེས་ཕལ་ཆེར་སྡོམ་ཚིག་ཉུང་ངུ་འདི་ཙམ་གྱིས་འཐུས་པར་བྱས་ཡོད་པས། ང་ཚོས་བློ་གཟུ་བོར་གནས་ཏེ་དཔྱད་ན་དེབ་ཐེར་དེ་དག་ནི་རང་རེ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མགོ་མཇུག་ཚང་པ་ཞིག་ཡིན་པར་ཁས་ལེན་ཐབས་མེད་པ་ཙམ་དུ་མ་ཟད་ཚད་ལྡན་དུའང་སྨྲ་མི་ཐིག་པའི་ཚོད་དུ་མཆིས།
དེང་དུས་བོན་པོའི་མཁས་པ་རེ་འགས་“རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་”ཞེས་པར་“སྒྲུང་”དང་། “ལྡེའུ།” “བོན་”བཅས་མཉམ་སྦྱར་གྱིས་རིམ་བཞིན་བཙན་ཐབས་ཀྱིས་འགྲེལ་བཤད་གནང་མཁན་འདུག་ཀྱང་། གལ་ཏེ་སྲོང་བཙན་གོང་གི་སྤུ་རྒྱལ་སོ་གཉིས་ཀྱིས་སྒྲུང་ལྡེའུ་བོན་གསུམ་གྱིས་སྲིད་བསྐྱངས་པར་བདེན་ན་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་ཟུར་ཙམ་ཡོད་དགོས་རྒྱུ་ལ་ད་ཕན་ཕལ་ཆེར་མཇལ་ཡུལ་དུ་ཡོད་བཟོ་མི་སྣང་བས། ཁོ་བོས་ནི་ཚིག་དེའི་རྒྱབ་ལྗོངས་སུ་གནད་དོན་གཞན་ཞིག་ཡོད་པར་དོགས། གང་ལྟར་<<བཀའ་ཆེམས་ཀ་ཁོལ་མ་>>ལས། “ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་གི་བོན་བསྟན།” ཞེས་གསལ་བས། དཔེ་ཆ་འདི་ཇོ་བོ་རྗེ་ཨ་ཏི་ཤས་ས་བྱི་ཕྱི་ལོ་ ༡༠༤༩ ལོར་གཏེར་ནས་བཏོན་པའི་བཤད་ཚུལ་དེ་བདེན་པ་ཡིན་པའི་དབང་དུ་བཏང་ན་“སྒྲུང་ལྡེའུ་བོན་གསུམ་”གྱི་གཏམ་རྒྱུད་ཡོད་ཚད་ཀྱི་ཐོག་མའི་འགོ་ཁུངས་ཀྱང་འདི་ཉིད་ཡིན་སྲིད།
འོན་ཀྱང་<<བཀའ་ཆེམས་ཀ་ཁོལ་མ་>>ལྟར་ན། སྒྲུང་ལྡེའུ་བོན་གསུམ་ནི་སྲོང་བཙན་གྱིས་བོད་མི་རྣམས་ཐུབ་པའི་ལུང་གི་ཆོས་དང་། རིག་པའི་ཆོས་གོ་བའི་ཕྱིར་དང་། བསླབ་གསུམ་ལ་འཇུག་ཐབས་སུ་བསྟན་ཞེས་ཁོང་གི་མཁས་མཛངས་ཀྱི་ཆེ་བ་བརྗོད་བྱེད་ཅིག་ཡིན་ཏེ། དཔེར་ན། སྐབས་དེའི་“སྒྲུང་”ཞེས་པ་ནི། བོད་མིས་ཤཱཀྱའི་ལུང་གི་ཆོས་གོ་བའི་ཕྱིར་དུ་སྤྲེའུ་ཧ་ནུ་མ་དྷའི་སྒྲུང་སོགས་རྒྱ་གར་གྱི་གཏམ་རྒྱུད་བསྟན་པར་གསལ་བས་དེ་དག་བོད་རྒྱལ་སྔ་མ་དང་བོན་ལ་འབྲེལ་བ་ཅི་ཡང་མེད། ལར་ནས་སྔོན་གྱི་སྤུ་རྒྱལ་སོ་གཉིས་ཀྱི་རིང་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པར་བཤད་པ་དང་། སྲོང་བཙན་གྱིས་བོད་མིས་ལུང་དང་རིག་པའི་ཆོས་སོགས་གོ་བའི་ཕྱིར་དེ་དག་བསྟན་ཞེས་པ་གཉིས་ནང་འགལ་ཏེ། སྒྲུང་ལྡེའུ་བོན་གསུམ་དེ་ལུང་དང་རིག་པའི་ཆོས་སོགས་གོ་བའི་ཐབས་སུ་གྱུར་པ་བདེན་ན། དེ་དག་སྔར་ནས་དར་ཞིང་རྒྱས་བཞིན་ཡོད་པས་མ་གོ་བར་སྲོང་བཙན་གྱིས་བསྐྱར་དུ་བསྟན་པས་གོ་ཐབས་སུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་དྲི་བ་དེ་རང་བཞིན་གྱིས་འབྱུང་ངོ་། །
མདོར་ན་གླེང་གཞི་དེ་“གཏམ་མི་ཁ་བརྒྱུད་ན་ཇེ་མང་”དུ་གྱུར་ཏེ། ཕྱིས་སུ་ཆོས་འབྱུང་སྨྲ་བ་ཚོས་རིམ་བཞིན་སྲོང་བཙན་གོང་དུ་བོད་ལ་སྒྲུང་དང་། ལྡེའུ། ལྷ་མཆོད་འདྲེ་འདུལ་གྱི་བོན་ཙམ་ལས་ཤེས་རིག་ཚད་ལྡན་ཞིག་རྩ་བ་ཚུགས་མེད་པའི་སྲིད་དོན་གྱི་ལག་ཆར་བེད་སྤྱད་ཡོད་པར་སྣང་། དེ་ལྟར་ནའང་དེང་དུས་ཞིབ་འཇུག་པ་དག་གིས་གདེང་འཇོག་ཚད་མཐོར་གནང་བར་སྐད་པའི་དཔའ་བོ་གཙུག་ལག་ཕྲེང་བ་(༡༥༠༤—༡༥༦༦)ཡིས། “ཀ་བཀོལ་མ་ལས་ཤཱཀྱ་རི་བྲག་པའི་རྒྱུད་པ་[ཅེས་]སྣང་ཡང༌། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང་། །ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོར་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ།” །ཞེས་དཔེ་ཆ་དེ་ཉིད་ངག་སྒྲོས་ཙམ་ལས་དག་མིན་དོགས་གཞིར་བཞག་ཡོད་པས། དེར་ཇི་ལྟར་འཁོད་མིན་ལ་མ་ལྟོས་པར་ཚད་འཛིན་བྱེད་ཐབས་བྲལ།
གང་ལྟར་གལ་ཏེ་ང་ཚོས་ཡ་ཐོག་བོད་ཀྱི་འགྲོ་བ་མི་བྱུང་བ་ནས་ད་བར་གྱི་རང་རེའི་ལོ་རྒྱུས་ཆ་ཚང་པ་ཞིག་མཁྱེན་རྟོགས་དགོས་ཚེ། རྒྱས་བསྡུས་དང་། ཁ་གསལ་མིན། རྟོག་བཏགས་དང་ལྷ་སྒྲུང་གིས་ལྷད་ཡོད་མེད་ལ་མ་ལྟོས་པར་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་གཞིར་རྩར་མ་འཛིན་ཐུ་མེད་ཆགས་ཡོད་པ་ནི་དངོས་དོན་ཡིན་ལ་གཟུར་གནས་མཁས་པ་དུ་མས་ཀྱང་བཞེད་དེ། མཁས་དབང་ནམ་མཁའི་ནོར་བུས། “མེད་དུ་མི་རུང་བ་ནི། ཡ་ཐོག་ཞང་ཞུང་གི་ལོ་རྒྱུས་ཅི་དང་ཅི་ཡོད་པ་དེ་ཙམ་མ་ཟད། རང་རེའི་ཡིད་ངེས་ཡོད་དགོས་པ་ཞིག་ནི། ལོ་རྒྱུས་ཀྱི་རྨང་གཞི་དེ་བོན་ལུགས་སུ་ཇི་ལྟར་གྲགས་པའི་ཚུལ་དེ་ལས་མི་འདའ་བ་ཞིག་དང་། རྨང་གཞི་དེ་གའི་ཐོག་ནས་ཞིབ་འཇུག་གི་རྐང་ཚུགས་དགོས་པ་དེ་རེད། གཞི་རྩ་དེ་དང་བྲལ་བ་ཡིན་ན། ལོ་རྒྱུས་ཀྱི་ཚིག་ཚོགས་མང་ལ། གཏམ་སྒྲོས་ཀྱི་བརྗིད་དང་ལྡན་པ་ཇི་འདྲ་ཞིག་ཡོད་ཀྱང་། ལོ་རྒྱུས་ཀྱི་གཞི་རྩ་བརྟན་པོ་ཞིག་མེད་པ་ཡིན།” ཞེས་དང་། “བོད་ཀྱི་རྒྱལ་རབས་ཀྱི་དབུ་ཇི་ལྟར་ཚུགས་ཡོད་པའི་སྐོར་འདི་ནི་གནའ་བོའི་བོད་ཀྱི་བོན་པོ་རྣམས་ལ་ཇི་ལྟར་གྲགས་པ་དེ་ཁོ་ན་ལ་གཞིར་བཟུང་ནས་གོ་རྟོགས་རྙེད་དགོས་པ་ཞིག་ཡིན།” ཞེས་གསུངས་པ་ནི། ཁོང་གིས་ཕལ་ཆེར་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་ཤེས་རིག་ལོ་རྒྱུས་སྐོར་ཉམས་ཞིབ་མཛད་པའི་མྱོང་གདམས་ཟབ་མོ་ཞིག་ཕ་བཟང་པོས་ཕྱི་རབས་བུ་ལ་བཞག་པའི་ཞལ་ཆེམས་སུ་ངེས་སོ། །
དེ་བཞིན་མཁས་དབང་རཀ་ར་ཐུབ་བསྟན་ཆོས་དར་གྱིས། “ཤེས་པ་ཅན་བཅུ་གཉིས་ཀྱི་མིང་དང་། གནམ་གྱི་ཁྲི་དང་། ས་ཡི་ལེགས་དྲུག ལྡེ་བརྒྱད་སོགས་ཀྱི་མིང་བརྡ་རྙིང་འབའ་ཞིག་ཏུ་བྱུང་བ་ཁུངས་བཙུན་པར་འདུག་ཀྱང་། འདི་རྣམས་ཀྱི་སྐོར་རྒྱས་པ་བོད་སྔ་རབས་བོན་གྱི་རྒྱལ་རབས་སུ་ཡོད་ཅེས་ཐོས་ཀྱང་། ཡིག་ཆ་ཨི་ཊ་ལིར་འདུག་ཅེས་ཐོས་པ་ཙམ་ལས་དཔེ་མ་མཐོང་། འཇིག་རྟེན་སྤྱི་པའི་རྒྱལ་རབས་ཀྱི་སྲོལ་ལྟར་བྱས་ན་སྔ་རབས་བོན་གྱི་རྒྱལ་རབས་ལ་ཆ་འཇོག་དགོས་པ་སྲིད་པའི་ཆོས་ལ་གནད་དུ་ཆེ།” ཞེས་ཁོང་གི་གསུང་བབ་ལ་དཔྱད་ན་རྒྱབ་ལྗོངས་སུ་གོ་རྒྱུ་གཞན་ཞིག་ཀྱང་ཡོད་པར་སྣང་སྟེ། གལ་ཏེ་འཇིག་རྟེན་ལོ་རྒྱུས་ཀྱི་འགྲོ་སྟངས་སམ་བློ་གཟུ་བོར་གནས་པའི་དབང་དུ་བྱས་ན་ཤེས་པ་ཅན་བཅུ་གཉིས་ནས་སྤུ་རྒྱལ་བཙན་པོའི་བྱུང་རབས་ལོ་རྒྱུས་དེ་དག་བྱུང་སྔ་བའི་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་ལ་གང་འཁོད་དག་ཆ་འཇོག་བྱེད་དགོས་པ་གལ་གནད་ཆེ་ཡང་། དེ་ལྟར་བྱེད་པ་ལ་སྤྱི་ཚོགས་ཀྱི་གནོད་ཤུགས་ཡོད་སྟབས་ཐུགས་ཆད་པའི་རྣམ་པ་དེ་ཤུགས་ལ་བསྟན་འདུག་སྙམ།
གཞན་ཡང་<<བོད་བཙན་པོའི་རྒྱལ་རབས་>>ཞེས་པའི་གྲགས་ཅན་དཔེ་དེབ་སྒྲིག་རྩོམ་མཛད་པ་པོ་གཟུར་གནས་མཁས་དབང་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་ཀྱང་། “སྤུ་རྒྱལ་གོང་གི་སྟོད་ལྷ་རབས་ཀྱི་སྐོར་ལ་ཞིབ་ཏུ་དཔྱད་དེ། དེབ་ཐེར་ཞིག་ཟུར་དུ་འབྲི་དགོས་པ་ལྟ་བུ་སྣང་ཡང་། དེ་ནི་ཡིག་རྙིང་ལ་བྱང་བ་དང་། བོན་གཞུང་ལ་མཁས་པ་ཞིག་དགོས་གཤིས། ལྷག་དོན་དུ་མི་རིགས་རིག་པ་དང་། སྤྱི་ཚོགས་ཀྱི་རིག་པའི་ལམ་ནས་དཔྱད་དེ་འབྲི་རྒྱུ་བྱུང་ན་ཤིན་ཏུ་ཆ་ཚང་པོ་ཞིག་ཡོང་རྒྱུ་སྙམ།” ཞེས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་གིས་ལམ་སྟོན་འདི་ལྟར་མཛད་པ་ནི། ཕྱོགས་གཅིག་ནས་རང་རེའི་སྤྱི་ཚོགས་འདི་སྤྱི་ཡོངས་ནས་སྔ་མའི་ཕྱོགས་ཞེན་གྱི་བཤད་ཡམས་དོར་ནས་བོད་རང་གི་ཤེས་རིག་ལོ་རྒྱུས་ཀྱི་བྱུང་རབས་སྨྲ་བར་བློ་གཟུ་བོར་གནས་པའི་ཐོག་ནས་ཁོང་ལྟ་བུའི་རླབས་ཆེན་གྱི་མི་སྣ་དག་གིས་སྣེ་ཁྲིད་དེ་གོམ་གང་མདུན་སྤོས་ཤིག་བྱེད་ཀྱི་ཡོད་པའི་རྣམ་པ་དེ་རང་ཤུགས་ཀྱིས་མངོན་ཡོང་བ་མ་ཟད།
ཕྱོགས་གཞན་ཞིག་ནས་མང་དུ་ཐོས་པའི་མཁས་པ་ཁོང་གིས་ཀྱང་། “ཡིག་རྙིང་ལ་བྱང་བ་དང་། བོན་གཞུང་ལ་མཁས་པ་ཞིག་དགོས་གཤིས་”ཞེས་སྟོད་ལྷ་རབས་ཀྱི་སྐོར་སོགས་ཡ་ཐོག་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་འབྲི་བར་དཀའ་ཁག་དེ་ཉིད་གསལ་སྟོན་མཛད་འདུག་པས། ང་ཚོའི་གསར་སྐྱེས་གཞོན་རབས་པ་རྣམས་ཀྱིས་བོན་གཞུང་དང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ལ་འདྲིས་རྒྱུས་ཚད་ལྡན་ཞིག་མེད་ན། དུས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་བཤད་ཐབས་མེད་པ་ནི་དེ་བས་ཀྱང་སྨོས་མ་དགོས། རྒྱུ་མཚན་དེས་ན་ང་ཚོས་བོད་པ་ནང་ཁུལ་དུ་ད་དུང་དུས་ཇི་སྲིད་བར་དུ་ཆོས་ཞེན་གྱི་གཏམ་མཇུག་མཐུད་ཐུབ་མིན་མི་ཤེས་ཀྱང་། འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་མཐོ་སྒང་བོད་ཀྱི་ཆབ་དཔལ་རིག་གསུམ་གང་ཞིག་གླེང་རུང་བོན་མ་གླེང་ཚེ་རང་རེ་གངས་ཅན་པའི་མི་རིགས་འདིའི་ངོ་བོ་ནམ་ཡང་མཚོན་མི་ཐུབ་པར་ཤེས་དགོས་སོ། །
འོ་ན་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཇི་ལྟར་དབྱེ་དགོས་སམ་ཞེ་ན། མཁས་དབང་བསྟན་འཛིན་འབྲུག་གྲགས་མཆོག་གིས། “དྲང་བདེན་གྱི་ལམ་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་དུས་རབས་བྱུང་རིམ་ལ་བསམ་བློར་གཏོང་ན། སྟོན་པ་གཤེན་རབ་མི་བོ་ནས་བཟུང་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་དུས་རིམ་དང་། གཉའ་ཁྲི་བཙན་པོ་ནས་བཟུང་སྲོང་བཙན་སྒམ་པོའི་བར་བོད་རྒྱལ་སོ་གཉིས་ཀྱི་དུས་རིམ་དང་། སྲོང་བཙན་ནས་བཟུང་ད་ལྟའི་བར་གྱི་བྱུང་བ་དུས་རིམ་ཆེན་པོ་དེ་གསུམ་ཤེས་རིག་ལོ་རྒྱུས་གང་གི་སྐབས་སུ་གཞི་རྩར་མི་འཛིན་ཀ་མེད་ཡིན།” ཞེས་གསུངས་པ་ནི་མཁས་པའི་བདེན་གཏམ་དུ་ངེས་མོད། དེས་ན་དུས་རིམ་སྔ་མ་གཉིས་ནི་བོན་གྱི་བསྟན་འབྱུང་ལོ་རྒྱུས་ལ་གཞིར་མ་བཟུང་ན། མུན་ནག་འདོམ་མཇལ་ཙམ་ལས་དོན་དངོས་ཀྱི་ལོ་རྒྱུས་ཡིད་ངོར་འཆར་བ་ཞིག་ཡོང་ཐབས་མེད་པ་ནི་“མི་ཚེ་རི་ལ་བསྐྱལ། །རི་དྭགས་ངོ་མི་ཤེས་”པ་ཡོང་དོགས་མེད་ཀྱང་གལ་པོ་ཆེ་ལ་ནན་ཏན་གྱིས་ཞུ་བར་འདོད།
རྒྱུ་མཚན་དེས་ན་ད་ཐེངས་ང་ཚོས། མི་ལོ་སྟོང་ཕྲག་མང་པོར་སོང་བའི་བོད་ཀྱི་སྟོད་ལྷ་རབས་ནས་དུས་དེང་སང་གི་མི་རབས་བར་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་ངོ་མ་ཇི་ལྟར་ཡིན་མིན་ཤེས་རྟོགས་བྱེད་པར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་འགྱུར་ངེས་ཀྱི་རྒྱུན་ཤེས་སྐོར་དང་། མག་མོག་དང་རབ་རིབ་ཏུ་གྱུར་པའི་ལོ་རྒྱུས་ལ་དཔྱད་བརྗོད་ཀྱི་ལམ་ནས་གསལ་ཁ་བཏོད་པའི་དཔྱད་ཡིག་སོགས་ཕྱོགས་བསྡུས་རང་བཞིན་ཅན་གྱི་<<བོན་སྒོ་ལོ་དེབ་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་>>འདི་བཞིན་དཔར་སྐྲུན་འགྲེམ་སྤེལ་ཞུས་པ་ཡིན་པས། འདི་ནི་མི་རབས་གསར་པ་རྣམས་ལ་བོད་ཀྱི་ཤེས་རིག་དང་བོན་གྱི་ལྟ་གྲུབ་སྐོར་ལམ་སྟོན་གྱི་སྒྲོན་མེ་དང་ཕྱོགས་སྟོན་གྱི་འཁོར་ལོ་ལྟ་བུ་ཞིག་ཡིན་པར་བརྗོད་ཀྱང་ཆོག་སྟེ། མཁས་དབང་དོན་འགྲུབ་ལྷ་རྒྱལ་གྱིས། “ལྷག་པར་དུ་བོད་རང་གི་རིག་གཞུང་དང་ལོ་རྒྱུས་དཔྱད་གླེང་གི་ཐད་ལ་<<བོན་སྒོ་>>ལོ་དེབ་ཀྱིས་དམིགས་བསལ་གྱི་ཕན་ནུས་མང་པོ་ཐོན་ཡོད། གཅིག་ནས་འདིར་དཔྱད་ཡིག་རང་བཞིན་གྱི་ལེགས་རྩོམ་མང་པོས་བོན་དང་འབྲེལ་བའི་བོད་ཀྱི་གནའ་བོའི་རིག་གཞུང་ཤེས་རྟོགས་དང་ཞིབ་འཇུག་ལས་ཀར་རྨོངས་གཉིད་ཀྱི་སྨག་རུམ་སེལ་བྱེད་ཀྱི་མར་མེ་ལྟ་བུའི་ནུས་པ་ཐོན་ཡོད་”ཅེས་གསུངས་པ་ལས་ཤེས་རྟོགས་ཐུབ་པ་ཡིན།
ལར་ནས་རྒྱའི་ཆེ་ཀློག་པོ་དག་ལ་<<བོན་སྒོ་>>ཡི་སྐོར་“ལྷ་ཁང་རྙིང་པ་ལ་རྟེན་བཤད་གསར་པ་”དགོས་དོན་མེད་སྟབས། ང་ཚོས་འདི་ནས་“རྩ་བ་སྨན་ཡིན་ན། །ཡལ་ག་དུག་ཏུ་འགྱུར་མི་སྲིད་”པའི་དཔེ་ལྟར་མི་རིགས་ཀྱི་ལ་རྒྱ་དང་ཤེས་རིག་གི་ལས་དབང་ལ་བཅངས་པའི་ཀུན་སློང་བཟང་པོའི་སྒོ་ནས་<<བོན་སྒོ་>>ལོ་དེབ་ཏུ་འཁོད་པའི་རང་རེའི་རྩོམ་པ་པོ་མང་པོའི་ལེགས་བཤད་གསུང་རྩོམ་དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་སྤེལ་བ་འདིས། རང་མི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་སྟོང་ཆ་ཁ་བསབ་དང་ཕུགས་ཐག་ཇེ་རིང་དུ་གཏོང་བའི་མཐུན་རྐྱེན་སོགས་བཟང་ཕྱོགས་ཀྱི་གྲུབ་འབྲས་འབའ་ཞིག་ལས། ལྡོག་ཕྱོགས་ཀྱི་ནུས་པ་འབྱུང་བའི་གཞི་རྩ་མེད་སྟབས། འདི་ནི་གངས་ལྗོངས་ས་མཐོའི་ཕ་མེས་པོ་བཀའ་དྲིན་ཅན་དག་གིས་ཤུལ་དུ་བཞག་པའི་གཅེས་ནོར་དེ། བུ་ཚ་རབས་ཀྱིས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཆ་ཤས་ཆུང་ངུ་ཞིག་ཡིན་པའི་གདེང་སྤོབས་ཀྱང་བདོག
གང་ལྟར་ང་ཚོས་རྩོམ་འབྲི་དང་། རྩོམ་སྒྲིག དཔེ་སྐྲུན། འགྲེམས་སྤེལ་བཅས་ཀྱི་ལས་གཞི་འདི་དཀའ་ཚེགས་ཆེ་ནའང་། བོན་གྱི་གྲུབ་མཐའ་དེ་ཆེས་འཐུས་སྒོ་ཚང་པའི་བོད་མཐོ་སྒང་གི་ནང་བསྟན་དར་སྔ་ཤོས་ཤིག་ཡིན་པའི་བདེན་དོན་དཀར་སར་སྐྱེལ་བའི་ཆེད་ཙམ་དུ་མ་ཡིན་པར། བོད་མི་རིགས་འདི་ལ་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་དང་འདྲ་འདྲ་མཉམ་མཉམ་གྱི་ཆབ་དཔལ་རིག་གསུམ་དར་ནས་མི་ལོ་སྟོང་ཕྲག་དུ་མར་སོང་བའི་དག་འབུད་ངོ་མ་ཡང་ཡིན་པས་ན། བྱ་བ་འདིའི་དོན་དུ་སྐུ་ངལ་ཚད་མེད་སྐྱོན་པའི་རྩོམ་སྒྲིག་མི་སྣ་སྔ་རྗེས་རིམ་པ་དང་། རྩོམ་བདག་སྨྱུག་ཐོགས་པའི་དཔུང་སྡེ། རྒྱུ་གྲོན་མཐུན་སྦྱོར་གྱི་སྦྱིན་བདག་སོགས་ཀུན་གྱིས་རྒྱུ་ཡི་གྲོན་དང་མི་ཡི་ཚེགས་ཐམས་ཅད་དོན་སྙིང་ལྡན་པ་ཞིག་ཡིན་པའི་ངོས་འཛིན་ཐོག་གཟི་བརྗིད་དང་དགའ་བ་སྒོམ་འོས་སོ། །
མདོར་ན་ད་ནས་བཟུང་སྟེ་ང་ཚོས་ཕན་ཚུན་དབར་རྐུ་བཤུས་བྱས་པའི་གྱོད་འཛུགས་དེ་ནི། མི་རིགས་ནང་ཁུལ་གྱི་མཐུན་འབྲེལ་ལ་གཏོར་བཤིག་སོགས་ཆོས་འཇིག་རྟེན་གང་དུའང་རྒུད་པ་མཐར་ཐུག་གི་རྩ་བར་གྱུར་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ། སྔ་ཕྱི་རིམ་པས་བོན་བན་ཕན་ཚུན་ལེགས་ཆ་ལེན་རེས་བྱས་ཏེ། མཐར་ཕལ་ཆེར་ངོ་བོ་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་དག་སྣང་ལ་ཁ་གཏིང་ཕྱོགས་མེད་དུ་སྒོམ་ཞིང་། བསྟན་དང་མི་རིགས་སྤྱི་ལ་སྨན་པའི་བྱ་བ་རེ་བསྒྲུབ་དགོས་པ་ནི། བོད་ཀྱི་གནས་སྟངས་དང་། དུས་རབས་ཀྱི་འགྱུར་འགྲོས་སོགས་གང་ས་ཅི་ཐད་ནས་བསམ་ན་ཆེས་ཁ་ཚ་དགོས་གཏུགས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཏུ་གྱུར་འདུག་པས་ཀུན་གྱིས་དེ་དེ་བཞིན་དུ་“ཨ་བྲས་ཁྱོག་ཚོད་མདའ་དང་། །སྲེ་མོང་ཐེག་ཚོད་ཀྱི་གཞུ་”ཞེས་པའི་དཔེ་ལྟར་རང་འགན་ཐེག་པ་ཁུར་ལེན་གནང་བའི་འབོད་སྐུལ་སྙིང་དབུས་ནས་ཞུའོ།། །།

དེབ་གཉིས་པའི་དཀར་ཆག་ཕབས་ལེན།

སྔོན་གླེང་བསྒྲགས་པ་འོག་མ།
དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།

(གཙོ་སྒྲིག་པ།)
དེང་རབས་བོད་རིག་པའི་ཉམས་ཞིབ་མི་སྣ་དག་གིས་ཚད་འཛིན་དང་ཆ་འཇོག་གནང་སའི་ཡིག་རྙིང་མིང་དུ་གྲགས་པ་གཅིག་པུ་སྟེ། <<ཏུན་ཧོང་ཤོག་དྲིལ་>>དུ་འབོད་པ་དེའི་ཁྲོད་དུ་གནའ་བོའི་ཞང་ཞུང་གི་མིང་ཚིག་མང་དག་ཅིག་འཁོད་པ་རྣམས་ཀྱང་ཐད་ཀར་ཀློག་ན་གོ་དོན་ཅི་ཡང་མེད་པ་ལ། <<ཞང་ཞུང་སྒྲ་སྡེབ་>>དང་། <<སྲིད་པའི་མཛོད་ཕུགས་>>སོགས་བོན་གཞུང་ནང་དེ་དག་ལ་ཡོངས་གྲགས་སུ་འགྲེལ་བཤད་བསྐྱོན་པ་དང་སྦྱར་ཚེ་སྐབས་ཐོབ་ཀྱི་བརྗོད་གཞི་དང་འཚམས་པའི་གོ་དོན་བདེ་བླག་ཏུ་རྙེད་ཐུབ་པར་མ་ཟད། ཞང་ཚིག་ཐ་སྙད་འགའ་རེའང་བོན་དཔེ་ཁག་ལས་ཡང་ནས་ཡང་དུ་ཐོན་པའི་བོན་གྱི་ལྟ་གྲུབ་དང་འབྲེལ་བའི་གནད་ཚིག་ཀྱང་ཡོད་པས། བོན་དཔེ་རྣམས་ཕལ་ཆེར་དུས་རབས་བཅུ་པའི་རྗེས་སུ་གཞི་ནས་བྱུང་བའི་གླེང་སློང་པ་པོ་རྣམས་ཀྱང་གནད་དོན་འདི་དག་ལ་ཐུག་དུས་གཡོལ་ཅི་ཐུབ་ལས་དྲང་བདེན་གྱི་འགྲེལ་བརྗོད་གནང་མཁན་ཤིན་ཏུ་ནས་དཀོན་པར་མ་ཟད། ལར་ནས་དུས་རབས་བརྒྱད་པ་དང་དགུ་པའི་ནང་བྲིས་པའི་<<ཏུན་ཧོང་ཤོག་དྲིལ་>>དང་། བོན་གཞུང་གཉིས་ཀྱི་བར་ལ་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་མེད་ལ་ལན་ཚད་ལྡན་ཐེབས་མཁན་ད་བར་བྱུང་མེད་ཚོད་རེད་སྙམ།
གཞན་ཡང་<<ཏུན་ཧོང་ཤོག་དྲིལ་>>དུ་འཁོད་པའི་སྤུ་རྒྱལ་བཙན་པོའི་ལོ་རྒྱུས་སྐོར་སྤྱི་དང་ཁྱད་པར་དུ་རྒྱལ་པོའི་གདུང་ཁུངས་དང་། བཙན་པོ་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་མཚན་གནམ་ས་རི་ཀླུང་དང་། ཉི་ཟླ་གཟའ་སྐར། ལྷ་ཀླུ་གཉན་གསུམ་སོགས་མིང་གི་ཚིག་ཟུར་རེ་རེ་ལའང་དོན་སྙིང་དང་ནང་དོན་གཏིང་ཟབ་ལྡན་ཞིང་། དེ་ཡང་རང་རེ་བོད་ཀྱི་ཐུན་མིན་གྱི་རིག་གཞུང་ངམ་ཡང་ན་དད་མོས་ཀྱི་ལྟ་གྲུབ་སོགས་དང་འབྲེལ་ཏེ་ཞང་བོད་སྐད་གཉིས་ཟུང་འབྲེལ་གྱི་སྒོ་ནས་བཏགས་ཡོད་པ་ནི། གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་ལས་ཇི་ལྟར་གྲགས་པ་དང་གཤིབ་བསྡུར་བྱས་ན་ཕལ་ཆེར་ཆུ་ལ་ཆུ་བཞག་བྱུང་བ་འདིས་དངོས་དོན་ར་འཕྲོད་པ་ཡིན་པས་ཡ་མཚན་དགོས་པ་ཅི་ཡང་མ་ཡིན་ནའང་། དེ་དག་བོད་བཙན་པོའི་གདུང་ཁུངས་རྒྱ་གར་གཏུགས་པའི་བན་དེའི་ཆོས་འབྱུང་ཁག་དང་གཏུགས་དགོས་བྱུང་ན་ཐོད་ཐུག་ཐབས་མེད་པ་མ་ཟད། ཐ་ན་གནམ་གྱི་ཁྲི་བདུན་སོགས་སྤུ་རྒྱལ་བཙན་པོ་སོ་སོའི་མཚན་མིང་མང་ཆེ་བའང་གོ་དོན་ཅི་ཡང་མེད་པའི་འདོད་རྒྱལ་གྱི་མིང་བརྡ་འབའ་ཞིག་ཏུ་འདོད་པ་ལས་འོས་མེད་པས་ཅུང་ཟད་ཡ་མཚན་དགོས་པ་ཞིག་ཡིན། རྒྱུ་མཚན་དེས་ཀྱང་<<ཏུན་ཧོང་གཏེར་ཡིག་>>དང་། བོན་གྱི་བསྟན་འབྱུང་ལོ་རྒྱུས་བར་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ནི་ཤིན་ཏུ་ནས་གསལ་པོར་གྱུར།
གང་ལྟར་ཡ་ཐོག་བོད་ཀྱི་ཆབ་དཔལ་ཤེས་རིག་གང་ཞིག་གླེང་རུང་<<ཏུན་ཧོང་ཤོག་དྲིལ་>>དང་། <<དྲིལ་བུའི་ཁ་བྱང་།>> <<རྡོ་རིང་ཡིག་རྙིང་>>སོགས་ལ་ཇི་ལྟར་གཙིགས་མཐོང་གནང་བ་བཞིན་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་ཀྱང་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆའི་ཁྲོད་ནས་གདེང་འཇོག་གི་ཚད་ངེས་ཅན་ཞིག་འཐོབ་དགོས་པ་དོན་དངོས་ལགས་ཀྱང་། ད་བར་དེ་ཙམ་གྱིས་ཤུགས་རྐྱེན་ཐེབས་ཐུབ་མེད་པ་ནི་དཔྱད་གཞིའི་རྒྱུ་ཆའི་ངོས་ནས་རིན་ཐང་ཅི་ཡང་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར། ཕྱོགས་གང་དུའང་མ་ལྷུང་བར་དྲང་བདེན་གྱི་གཏམ་སྨྲ་དགོས་པ་ནི་གནའ་དེང་གི་མཁས་པ་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་དང་དམ་ཚིག་དང་པོ་རུ་བརྗོད་ཀྱང་། ལག་ལེན་དངོས་ལ་ཐུག་དུས་འགའ་ཞིག་ནི་ཆོས་ཞེན་གྱི་བག་ཆགས་མཐུག་དྲགས་པས་རང་རིགས་ལ་མཐོང་ཆུང་གཏོང་བའི་གོམས་གཤིས་ངན་པ་ད་དུང་རྒྱུན་འབྱམས་སུ་གནས་པ་དང་། ལ་ལས་ནི་ཁ་ཕོར་དབུ་རྣ་ལ་གཟིགས་པ་ཆེ་ཞིང་སྤྱི་ཚོགས་གནོན་ཤུགས་ལ་གཉའ་བ་ཞུམ་པ་སོགས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་དཔྱད་གཞི་ཕྱོགས་གཅིག་ཁོ་ན་ལས་དང་ལེན་བྱས་མེད་སྟབས་བོད་རང་གི་ཆོས་དང་ཤེས་རིག་གི་བྱུང་རབས་ལོ་རྒྱུས་ནི་དུས་ད་དུང་ཡང་ཕལ་ཆེར་མགོ་ཆད་མཇུག་རྡུམ་ཞིག་གི་ཚད་དུ་ལྷག་ཡོད་པ་འདི་རེད།
མཁས་དབང་ནམ་མཁའི་ནོར་བུས། “རང་རེས་ཕྱོགས་ཞེན་དང་བྲལ་བའི་སྒོ་ནས། ཆེས་ཡུན་རིང་བའི་དུས་ནས་ཞང་བོད་ཀྱི་ཡུལ་ཁམས་རྣམས་སུ་བོན་གང་ཞིག་དར་བ་དང་། བོན་དེའི་ཁུངས་སུ་ཤེས་རིག་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དང་། དེ་དག་གི་རྣམ་པ། ཡིན་ཚུལ། བྱེད་ལས། དུས་རབས་འཕོ་འགྱུར་གྱི་ནང་དུ་དེ་དག་གནས་པའམ། འགྱུར་བའམ། སྟོང་པ་སོགས་ཇི་ལྟར་གྱུར་ཡོད་པ། ད་ལྟའི་དུས་སུ་དེ་དག་ལས་བྱུང་བའི་ཤེས་རིག་གང་དག་ཡོད་པ་སོགས་ཀྱི་སྐོར་འཚོལ་ཞིབ་ཡང་དག་པ་རེ་བྱེད་ཐུབ་ཅིང་། དེ་ལྟ་བུའི་རིན་ཐང་ཆེ་བའི་ཤེས་རིག་དེ་དག་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། བོད་མིའི་ཤེས་རིག་གི་ལ་རྒྱ་ལ་དགེ་ཕན་དེ་ལྷག་ཅི་ཞིག་ཀྱང་མེད་ངེས་པ་ཡིན།” ཞེས་བློ་གཟུ་བོར་གནས་པའི་ཐོག་ནས་བོད་མི་རིགས་སྤྱི་ལ་སྨན་པའི་ལམ་སྟོན་ཟབ་མོ་གནང་ཡོད་པ་ལྟར། མི་སུ་འདྲ་ཞིག་གིས་གནད་དོན་དེ་དག་སྐོར་རྒྱུས་ལོན་གཏིང་ཟབ་ཅིག་དགོས་ན། བོན་གྱི་ཤེས་རིག་དང་ལོ་རྒྱུས་ལ་གཟིགས་རྟོག་མ་གནང་ཚེ་འདྲེ་ཤར་སྒོ་དང་གླུད་ནུབ་གཏོང་གི་དཔེ་ལས་མ་འདས་སྟབས། གང་ཟག་སོ་སོའི་བསམ་བློའི་འཆར་སྒོ་ཙམ་དང་ཚོད་དཔག་རང་བཞིན་ཁོ་ནར་ངེས་པས་ཡིད་རྟོན་ཕེར་བའི་ལོ་རྒྱུས་ཀྱི་བྱུང་རབས་ཤིག་ནམ་ཡང་ཆགས་ཐབས་མེད་པ་ནི། མིག་སྔར་གྱི་ཆོས་འབྱུང་དེབ་ཐེར་དང་ཞིབ་མཇུག་རྩོམ་ཡིག་དུ་མ་ལས་བསླབ་བྱ་ལེན་ཆོག
གཞན་ཡང་རང་རེ་བོན་པོ་ཚོས་བསྐལ་པ་ཡ་ཐོག་ནས་བཟུང་དུས་རབས་རིམ་བྱུང་གི་ལོ་རྒྱུས་ཀྱི་དཔྱད་གཞི་མི་ཉུང་བ་ཡོད་པ་རྣམས་འཛམ་གླིང་གི་ཤེས་ལྡན་མི་སྣ་ཁག་ལ་ངོ་སྤྲོད་དང་མཉམ་སྤྱོད་ཀྱི་སྡིངས་ཆ་སྐྲུན་ཐུབ་ཀྱི་མེད་པ་མ་ཟད། ཡུལ་དུས་གནས་བབ་དང་འཚམས་པའི་རང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་གང་མང་ཞིག་ཀྱང་ད་དུང་རྗེས་ལུས་ཀྱི་རྣམ་པར་གནས་ཡོད་པ་འདི་ནི། བོན་པོ་སྒེར་གྱོང་ཙམ་མ་ཡིན་པར་མི་རིགས་སྤྱི་གྱོང་དུ་བརྩི་འོས། ལར་ནས་མི་མང་པོ་ཞིག་གིས་གནའ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་ཞེས་བཤད་དུས་ཐལ་རྡུལ་གྱིས་སྦག་ཅིང་རྩབ་ཧྲལ་དུ་སོང་བའམ། གི་གུ་ཕྱིན་ཅི་ལོག་ཅིང་ཡིག་གཟུགས་ཡ་མ་ཟུང་ཞིག་དགོས་སྣང་ཤར་མོད་ཀྱང་། དེ་ནི་ཅུང་ཟད་ནོར་འཁྲུལ་ཡིན་ཏེ། ཕྱི་ཡི་རྣམ་པའི་འགྱུར་བ་ནི་དུས་ཡུན་རིང་མོར་བརྒྱུད་པའི་འཕེལ་འགྱུར་གྱི་དངོས་གཤིས་ཡིན་པས། ང་ཚོས་ཐ་སྙད་མིང་ཚིག་ཐུན་མོང་མ་ཡིན་པ་དང་ནང་དོན་བརྗོད་བྱ་རྙིང་དྲི་ཐུལ་ལེ་བ་དག་ཡལ་བར་འདོར་ནས་ཕྱི་རྣམ་ཁོ་ནར་ཚད་ཐིག་འདེབས་པ་ནི་རྣམ་པ་ཀུན་ཏུ་ནས་མི་རུང་བར་སེམས་སོ། །
ཡང་དེང་དུས་སྨྱུ་གུ་བཟུང་མ་ཐག་ནས་ཞིབ་འཇུག་གི་ཁ་ཕོ་སྒྲོག་ཅིང་། རྩོམ་ཡིག་སྤེལ་མ་ཐག་ནས་རྫུན་གཏམ་ཡིན་ལུགས། ཁུངས་ལུང་མེད་རབས། ཚན་རིག་དང་མི་མཐུན་ཚུལ་སོགས་མེད་མུག་གི་གཏམ་གསར་པ་ཁོ་ན་བརྗོད་ཅིང་སོ་སོའི་ལས་ཀླུང་དར་བར་རེ་སེམས་འཆང་མཁན་ཡང་མི་ཉུང་བ་ཞིག་མཐོང་། འདི་དག་ལ་གཞིགས་ཚེ་ད་ལྟ་ཕྱི་སྣོད་ཀྱི་ཆགས་ཚུལ་དང་། ནང་བཅུད་ཀྱི་གྲུབ་ལུགས། ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས། འབྱུང་བའི་དར་རྒུད། མི་དང་རང་འབྱུང་ཁམས་བར་གྱི་འབྲེལ་བ་སོགས་ལྐོག་གྱུར་གྱི་གནད་དོན་མང་པོ་ཞིག་བོན་ཆོས་གཉིས་ཀྱི་གཞུང་ནས་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་བཤད་ཟིན་པ་དག་དེང་དུས་ཚན་འཕྲུལ་རིག་པས་གསལ་སྟོན་དང་བདེན་དཔང་བྱས་མེད་ཚེ། ད་དུང་ཡང་རྨོངས་དད་དང་རྫུན་གཏམ་གྱི་ནག་ཉེས་དག་སེལ་ཐུབ་མེད་པ་ནི་སྨོས་སུ་མེད།
དཔེ་མཚོན་གཞན་ཞིག་ནི། ཉེ་ལམ་བོན་པོའི་མཁས་པ་དང་བླ་མ་དགེ་བཤེས་འགའ་རེས་ཀྱང་སྟོན་པ་གཤེན་རབ་མི་བོ་ལོ་ཆིག་ཁྲི་ལྷག་གི་གོང་དུ་བྱོན་པའི་གླེང་ཕྱོགས་དེ་ཕལ་ཆེར་དུས་རབས་ ༡༩ པའི་ནང་སྟེ་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་(༡༨༡༣—༡༨༧༠)གྱིས་རྫུན་བཟོ་བྱས་པ་ལྟ་བུར་བཤད་མཁན་འདུག་ཀྱང་དེ་ནི་ཤིན་ཏུ་ནས་མི་འོས་པའི་གཏམ་དུ་སེམས་ཏེ། དོན་དངོས་སུ་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན་པའི་གནས་ཚད་མི་ལོ་སུམ་ཁྲི་ཡིན་པའི་བཤད་སྟངས་དེ་དེང་སང་ཞིབ་འཇུག་གི་རིག་ལམ་ལྟར་ནའང་མ་མཐའ་དུས་རབས་བཅུ་གཅིག་ཙམ་ནས་བྱུང་བའི་སྒྲུབ་བྱེད་ཁུངས་དཔང་ཡོད་པར་མ་ཟད། དུས་རབས་ ༡༤ པའི་དཀྱིལ་ཙམ་དུ་བྱོན་པའི་བོན་གྱི་སྙན་རྒྱུད་བླ་མ་གྲགས་ཅན་སྤྲུལ་སྐུ་བློ་ལྡན་སྙིང་པོ་(༡༣༦༠—༡༤༠༦)ཡི་སྙན་རྒྱུད་<<དྲི་མེད་གཟི་བརྗིད་>>ནང་ཚིག་དངོས་སུ་འཁོད་ཡོད་སྟབས། ཕྱག་དཔེ་དེ་དག་གི་དགོངས་དོན་ལྟར་ན་མ་མཐའ་ད་ལྟ་སྟོན་པའི་སྐུ་བསྟན་རྫོགས་ནས་གསུང་བསྟན་སྐབས་ཡིན་པ་རྩོད་བྲལ་ཡིན་པས། སྟོན་པ་སྤྱི་ལོའི་སྔོན་གྱི་མི་ལོ་ཆིག་ཁྲིའི་ཡར་སྔོན་དུ་བྱོན་པའི་བཞེད་སྲོལ་དེ་ནི་ཆེས་ཐུང་མཐའ་དུས་རབས་བཅོ་ལྔའི་གོང་ནས་འགོ་ཚུགས་ཡོད་པ་ར་འཕྲོད་ཐུབ།
ལར་ནས་ཀུན་མཁྱེན་ཉི་མ་ལས་ཀྱང་སྔ་བའི་རིག་འཛིན་ཀུན་གྲོལ་གྲགས་པ་(༡༧༠༠—༡༧༦༦)དང་། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་(༡༧༨༣—༡༨༣༡?)རྣམ་གཉིས་ཀྱིས་སྟོན་པ་སྤྱི་ལོའི་སྔོན་གྱི་མི་ལོ་ཉིས་ཁྲི་ལྷག་གི་གོང་ནས་བྱོན་པར་བཞེད་ཅིང་། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་(༡༧༧༠—༡༨༣༣)གྱི་བཞེད་པ་ལྟར་ནའང་སྟོན་པ་བྱོན་ནས་ད་བར་མི་ལོ་ཆིག་ཁྲི་ལྷག་སོང་ཟིན་པས། གོང་སྨོས་ལྟར་ཀུན་མཁྱེན་ཉི་མས་གསར་བཟོ་བྱས་པར་གླེང་ཕྱོགས་བཟོ་མཁན་རྣམས་ནི་“མི་ཚེ་རི་ལ་བསྐྱལ་ཡང་། །རི་དྭགས་ངོ་མ་ཤེས་”པའི་དཔེ་དང་མཚུངས་སོ། །སྤྱིར་ན་མ་མཐོང་བ་དང་མ་ཤེས་པ་ལ་ཡ་མཚན་རྒྱུ་ཅི་ཡང་མེད་ཀྱང་། ཡ་མཚན་དགོས་པ་དེ་ནི་ཅུང་ཟད་ཤེས་པ་ཙམ་གྱིས་ཡོད་ཚད་ཁོང་དུ་ཆུད་པ་ལྟ་བུའི་དམར་ཐག་རྦད་གཅོད་བྱེད་པ་དེ་ཡིན། རྒྱུ་མཚན་དེ་འདྲ་བ་ལ་བརྟེན་ནས། “མཁས་པས་འཆུག་ན་འདོམ་གང་། །བླུན་པོས་འཆུག་ན་མཐོ་གང་།” །ཞེས་པའི་གཏམ་དེ་བྱུང་བ་རེད་སྙམ།
མདོར་ན་ང་ཚོ་བོད་མི་རིགས་ཀྱི་ཡབ་མེས་གོང་མ་ཚོ་དུད་འགྲོ་ལས་ལྷག་པའི་འགྲོ་བ་མིའི་རིགས་གཞན་དང་སྤྱི་མཚུངས་སུ་འདོད་ན་དེ་དང་འཚམས་པའི་བྱུང་རབས་ལོ་རྒྱུས་ཤིག་ཡོད་ངེས་ལ། ལྷག་པར་དུ་འཛམ་བུ་གླིང་གི་མི་རིགས་གཞན་གྱི་མཁས་པ་ཚོས་སའི་གོ་ལ་སྤྱིའི་དབང་དུ་བྱས་ན་བོད་ས་མཐོའི་ལྗོངས་འདིར་འགྲོ་བ་མིའི་རིགས་ཆགས་སྔ་ཤོས་དང་། ཤེས་རིག་དར་སྔ་བའི་གྲས་སུ་བརྩི་བཞིན་ཡོད་སྟབས། ང་ཚོས་ཀྱང་དངོས་དོན་དེ་དག་ལ་རྒྱུ་མ་ཕུ་འདེད་ཀྱིས་འཚོལ་ཞིབ་དང་རྒྱུས་ལོན་བྱས་ཏེ། རང་རེའི་མེས་པོ་ཚོའང་འཛམ་གླིང་མི་རིགས་གཞན་དང་འདྲ་བར་རྣམ་དཔྱོད་བློ་གྲོས་དང་ལྡན་པ་ཤ་སྟག་ཡིན་པར་མ་ཟད། ཁོང་རྣམ་པས་ཡུལ་དུས་ཁོར་ཡུག་མི་འདྲ་བ་ནས་དཀའ་ཚེགས་དུ་མ་གདོང་ལེན་བྱས་ཏེ་ཆེས་སྔ་མོའི་དུས་ནས་མཚོ་བོད་ས་མཐོའི་ལྗོངས་སུ་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཆབ་དཔལ་རིག་གསུམ་ཐོག་མར་གསར་བཏོད་ནས་རིམ་བཞིན་ཡར་རྒྱས་གོང་འཕེལ་ཇི་ལྟར་གཏོང་བའི་བརྒྱུད་རིམ་དེ་དག་ཡིག་ཐོག་ཏུ་འགོད་ཐུབ་པར་བྱས་ཏེ། སྔོན་གཤེགས་དམ་པ་ཚོའི་ཞབས་རྗེས་དེ་དག་རྗེས་འཇུག་མི་རབས་ཚོའི་མིག་དཔེ་དང་སྤོབས་པ་བསྐྱེད་གཞིར་འགྱུར་བ་ཞིག་བྱ་དགོས་པ་ནི་གཡོལ་ཐབས་བྲལ་བའི་འགན་འཁྲི་ལགས་སོ།། །།

དེབ་གསུམ་པའི་དཀར་ཆག་འདི་ནས་ཕབས་ལེན་ཐུབ།