གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུང་འབུམ་དབུ་འབྱེད་གནང་བའི་གནས་ཚུལ།

དེ་རིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”གི་མཛད་སྒོའི་ཐོག་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་རྩོམ་སྒྲིག་གནང་བའི་“མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུང་འབུམ་”པོད་དྲུག་གི་བདག་ཉིད་ཅན་ཞིག་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་སོང་། དེ་ཡང་ཐོག་མར་བགྲོ་གླེང་གི་སྔོན་འགྲོའི་མཛད་རིམ་རྣམས་གྲུབ་མཚམས་རྩོམ་སྒྲིག་པ་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་དཔེ་དེབ་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་༸སྐྱབས་རྗེ་སྨན་རི་བ་མཆོག་ནས་དཔེ་དེབ་ཞལ་འབྱེད་དང་རྩོམ་སྒྲིགས་ཚོགས་མི་རྣམས་ལ་དཔེ་དེབ་ཚར་རེ་དང་མགུལ་དར་རེ་བཅས་གནང་སོང་།

སྔོན་གླེང་དཔལ་གྱི་གཏོ་སྒྲོམ།

ཐོག་མར་གངས་དཀར་ཏི་སེའི་གཟི་འོད་མཐོངས་ནས་འཕྲོས་ཤིང་མ་དྲོས་མཚོ་མོའི་རླབས་རིས་མཁའ་རུ་འཕྱུར་བའི་ཁ་འབབ་རྣམ་བཞིའི་བཞུར་རྒྱུན་རིང་མོའི་ཀློང་ནས་ཞང་བོད་སྲིད་པའི་དམུ་ཐག་དཀར་པོས་གནམ་ས་སྦྲེལ་མཚམས་འཛམ་གླིང་མཐོ་སྒང་གི་ཡང་རྩེ་བོད་གངས་ཅན་ལྗོངས་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་པའི་ཁོངས་སུ་གཏོགས་པར་ཚད་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཀུན་ལས་ཡོངས་སུ་གྲགས་པ་དང་། 

བར་དུ་བོད་རྗེ་སྲོང་བཙན་སྒོམ་པོའི་སྐབས་ནས་བཟུང་བོད་བཙན་པོའི་ཁྱབ་ཁོངས་སུ་གཏོགས་ཤིང་། མཐའ་མ་བོད་ཆོལ་གསུམ་ལས་མདོ་ཁམས་དངུལ་རྫ་ཟལ་མོའི་སྒང་སྟོད་སེ་ཆེན་ཧོར་གྱི་རྗེ་བོའི་མངའ་རིས་སུ་གཏོགས་ཤིང་ཧོར་ཚོ་སོ་དགུའི་ནང་ཚན་དྭངས་རྩེ་དྲུག་ཅུ་ཚོ་བའི་ནང་དུ་དལ་འབྱོར་གྱི་རྟེན་བཟང་རྙེད་པའི་རྒྱལ་ཕྱི་ནང་ཀུན་ལ་མཁས་པའི་མཚན་སྙན་བདག་གིར་བཞེས་པའི་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་སམ་ཡོང་གྲགས་སུ་མཁས་དབང་དཔལ་ཚུལ་ཞེས་སྙན་པ་ཆེ་ལ་དོན་གྱིས་གྲུབ་པའི་མཁས་དབང་ཁོང་གི་གསུང་འབུམ་གྱི་ནང་དོན་དང་དཔར་སྐྲུན་བྱེད་ཕྱོགས་སྐོར་ལ་ཅུང་ཞིག་སྔོན་དུ་གླེང་བའི་གཏམ་དུ་མོལ་བར་འདོད། 

དེ་ཡང་དཔར་སྐྲུན་གྱི་བརྒྱུད་རིམ་ལ་སྡེ་ཚན་གསུམ་གྱི་སྒོ་ནས་དབྱེ་སྟེ། ཐོག་མར་དཔར་སྐྲུན་ཞུ་དགོས་པའི་དམིགས་ཡུལ། བར་དུ་དཔར་སྐྲུན་ཞུ་བྱའི་གསུང་འབུམ་གྱི་བརྗོད་དོན། ཐ་མར་དཔར་སྐྲུན་ཞུས་པའི་ཐོག་མཐའི་བརྒྱུད་རིམ་བཅས་སྡེ་ཚན་གསུམ་གྱི་སྒོོ་ནས་གླེང་བར་བྱ།

ཐོག་མ༽ རིང་ནས་ཡིད་ལ་བརྣག་པའི་དམིགས་ཡུལ།

ཐོག་མར་ལོ་རྒྱུས་ཞེས་པའི་སྒྲ་བཤད་དམ་ངོ་བོ་ནི་གལ་འགངས་ཆེ་སྟེ། <<སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ་གྱི་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་>>ལས།  ‘‘དེ་ཡང་ལོ་རྒྱུས་ཀྱི་དོན་ཞེས་བྱ་བ་ནི། ལོ་དུ་མ་ལོན་པའི་རྒྱུས་ད་ལྟ་འོ་སྐོལ་ལ་བྱུང་བས་ན་ལོ་རྒྱུས་སོ།’’ །ཞེས་གསལ་བ་ལྟར་དང་། ཇི་སྐད་དུ་“འདས་པའི་ལོ་རྒྱུས་ནི་ད་ལྟའི་མེ་ལོང་ཡིན་”ཞེས་པ་བཞིན་འདས་པའི་བྱུང་རབས་ལོ་རྒྱུས་རྣམས་“རྡོ་ལག་བརྒྱུད་དང། ཆུ་ལམ་ཞུགས།”ཞེས་པ་ལྟར་མ་འོངས་པའི་མི་རབས་གསར་པ་བུ་རབས་ཚ་རྒྱུད་རྣམས་ལ་རྩིས་སྤྲོད་དང་། ལོ་རྒྱུས་འཚོ་གནས་དགོས་ཚེ་འོ་སྐོལ་རྣམས་ཀྱིས་རྡོ་ཐོག་ཏུ་བརྐོ་མ་ཐུབ་ཀྱང་། ཤོག་ཐོག་ཏུ་འབྲི་ཐུབ་དགོས་པ་ནི་ང་ཚོ་སྨྲ་ཤེས་དོན་གོ་ཞིག་གི་ངོས་ནས་གཞིགས་ན་གཡོལ་དུ་མེད་པའི་འགན་འཁྲི་ལས་མ་འདས་མོད། 

དེས་ན་ད་ལན་རིང་ནས་ཡིད་ལ་བརྣག་པའི་འདོད་དོན་མཁས་དབང་ཁོང་གི་གསུང་འབུམ་འདི་ངེས་མེད་རྒྱལ་ཁམས་སུ་འགྲིམས་པའི་མུ་ཏོ་བ་ཞིག་གིས་”ཕ་བཟང་པོས་བྲག་ལ་ཤུར་དྲུས་ཀྱང་། བུ་ངན་པས་བྱེ་མ་ལ་རི་མོ་ཐོན་ཙམ”ཞེས་དང་“ཨ་བྲས་ཐེག་ཚོད་ཀྱི་མདའ་དང། སྲེ་མོང་ཐེག་ཚོད་ཀྱི་གཞུ་”ཞེས་པའི་དཔེ་ལྟར་བགྲང་བྱ་བཅུ་ཕྲག་ལས་བརྒལ་བའི་རིང་དུ་རྩོམ་སྒྲིག་དང་། ཞུ་དག་སོགས་རིམ་བརྒྱུད་ངེས་ཅན་གྱིས་མི་ཡུལ་དུ་བཀྲམ་ཐུབ་པ་བྱུང་ཡོད། 

དེ་ཡང་མཁས་དབང་ཁོང་གི་གསུང་འབུམ་ཆ་ཚང་པོ་ཞིག་ད་ལྟ་བར་དུ་དཔར་སྐྲུན་བྱེད་ཐུབ་མེད་པ་མ་ཟད་མང་པོ་ཞིག་བོར་བརླག་དང་རྙིང་རུལ་སོགས་མདོར་ན་མེ་ཆུ་རླུང་གསུམ་གྱི་ཀློང་དུ་ཐིམ་ཟིན་འདུག་པས།དེ་ནི་མི་རིགས་ཞིག་ལ་མཚོན་ན་གསོབ་ཏུ་མེད་པའི་གྱོང་གུད་ཅིག་ཡིན་པ་བརྗོད་ཅི་ལ་དགོས།ཁྱད་པར་དུ་གསུང་འབུམ་གྱི་བརྗོད་དོན་ལ་གལ་འགངས་ཆེ་སྟེ་གསུང་འབུམ་གཞན་དང་བསྡུར་ན་འདྲ་འདྲའི་ནང་ནས་མི་འདྲ་བ་ཁྱད་བོན་གལ་ཆེའི་རང་བཞིན་ལྡན་པ་བོན་ཆོས་གཉིས་ཀའི་བསྟན་པའི་བྱུང་རབས་ལོ་རྒྱུས་ཞིབ་རྒྱས་སུ་མཛད་པ་དང་། གཞན་ཡང་སྟོན་པའི་མཛད་རྣམ། ལོ་རྒྱུས།བླ་མའི་རྣམ་ཐར། མགུར་དབྱངས།  སྙན་ངག  བསྟོད་ཚོགས་སོགས་བོད་སྤྱི་ཡི་ལོ་རྒྱུས་དང་། རིག་གཞུང་རྩོམ་རིག་སྣ་མང་ཕུན་སུམ་ཚོགས་པ་མདོར་ན་དེ་རྣམས་གོ་ལོ་ཐོས་ལོ་དཔེ་ཐོག་བྲོ་རྡུང་ཙམ་མ་ཡིན་པར་མྱོང་འདྲིས་གོམས་གསུམ་དང་། ཁུངས་བཙན་དཔང་འཕེར། དངོས་དོན་བདེན་འཚོལ་གྱི་ལམ་ནས་མཛད་པའི་ལོ་རྒྱུས་རིག་པའི་བང་མཛོད་ཅིག་སྒོ་འཕར་ཕྱེས་ཏེ་མི་ཡུལ་དུ་བཀྲམ་ཐུབ་པར་བྱུང་བར་རིང་ནས་ཡིད་ལ་བརྣག་པའི་འདོད་པའི་དོན་འབྲས་བཟང་པོ་མངོན་དུ་གྱུར་པ་ཡིན་ཞེས་དགའ་སྤོབས་གདེང་གསུམ་གྱི་ཐོག་ནས་ཞུ་ཆོག་གོ། །

བར་པ༽ མངོན་དུ་གྱུར་པའི་གསུང་འབུམ་གྱི་བརྗོད་དོན།

ཁོང་གི་གསུང་རྩོམ་ཆ་ཚང་ད་ལན་དཔར་སྐྲུན་ཞུ་ཐུབ་མེད་ཅེས་ཐོག་མར་གསལ་བཤད་ཞུ་རྒྱུ་ཡིན། དེ་ཡང་ཕ་ཤུལ་བུས་འཛིན་དང་། ཕས་བཞག་རྒྱུད་འཛིན་མ་ཐུབ་པར་བརྟེན་ཁོང་གི་གསུང་རྩོམ་ཁ་ཤས་མཚན་བྱང་ཙམ་ལས་ད་ལྟ་དངོས་སུ་མཇལ་ཡུལ་དུ་མ་ལྷག་པར་བོར་བརླག་ཏུ་ཕྱིན་པ་ཁག་གཅིག་དང་། འགའ་ཞིག་ཁོང་གི་རྩོམ་གྱི་འགྲོས་དང་། ཚིག་གི་སྡེབ་སྦྱོར། ཕ་ཡུལ་གྱི་སྐད་སྟབས་སོགས་ཕྱོགས་གང་ཐད་ནས་རྩོམ་པ་པོ་ཁོང་ཡིན་པ་དངོས་གསལ་ལྷང་དུ་བུད་ཀྱང་མཚན་བྱང་ང་ཞེས་མ་གསལ་བར་བརྟེན་ངོས་འཛིན་བྱེད་དཀའ་བར་གྱུར་ཏེ་འདིར་མཉམ་དུ་དཔར་སྐྲུན་ཞུ་ཐབས་བྲལ་སོང་ཞེས་ཞུ་རྒྱུ་ཡིན། ད་ལན་དངོས་སུ་དཔར་སྐྲུན་ཞུས་པའི་གསུང་འབུམ་དེབ་ཕྲེང་རྔམ་མཐུག་ཅན་‘‘འདུལ་བ་གཤེན་དྲུག་’’གི་གྲངས་མཉམ་རྣམ་པ་ཚོའི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་ཡོད་ཅེས་ཞུ། དེ་རྣམས་ཀྱི་བརྗོད་དོན་གཙོ་ཁག་གནད་བསྡུས་རེ་ངོ་སྤྲོད་ཀྱི་ཚུལ་དུ་གཤམ་གསལ་ལྟར་ལགས།

དང་པོ༽ <<སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ།>> 

<<སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་>>ཞེས་བརྗོད། ཡོངས་གྲགས་སུ་<<གཡུང་དྲུང་བོན་གྱི་བསྟན་འབྱུང་>>ཞེས་པའི་ལེའུ་ཉེར་གཉིས་ཀྱི་བདག་ཉིད་ཅན་གྱི་དེབ་ཐེར་སྟོད་སྨད་གཉིས་དང་། ནང་དོན་གཙོ་བོ། ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང། ནང་བཅུད་སེམས་ཅན་གྲོལ་ཚུལ། གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ། བྲུ་ཞུ་སྤ་རྨེའུ་ཁྱུང་བཅས་ཀྱི་གདུང་རྒྱུད་གྲོལ་ཚུལ་བོན་རྫོགས་སྤྲུལ་གསུམ་གྱི་བརྒྱུད་རིམ་གྱིས་མཚོན་པའི་ལོ་རྒྱུས་ཀྱི་གལ་གནད་སྐོར་རེད། དེ་ཡང་ཕྱི་ལོ་༡༩༦༣ལོར་དབུ་བརྩམས་ཏེ། ཕྱི་ལོ་༡༩༧༢ལོར་མཇུག་ཡོངས་སུ་གྲུབ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དཔར་སྐྲུན་ཐོག་མ་གནང་འདུག 

གཉིས་པ༽ <<ཆོས་འབྱུང་ཀུན་གསལ་མེ་ལོང་།>>

གཞན་སྡེའི་ཆོས་འབྱུང་གྲགས་ཅན་གླེགས་བམ་རྔམ་མཐུག་ལེའུ་ཉེར་གཅིག་གི་བདག་ཉིད་ཅན་<<ཆོས་འབྱུང་ཀུན་གསལ་མེ་ལོང་>>ཞེས་གྲགས། དེའི་ནང་དོན་གཙོ་བོ། ས་དགེ་བཀའ་རྙིང་ཇོ་ནང་སོགས་གཙོས་པའི་དམ་པའི་ཆོས་འབྱུང་ལོ་རྒྱུས་སྐོར། <<ཆོས་འབྱུང་ཀུན་གསལ་མེ་ལོང་>>འདིའི་ནང་དུ་འཕགས་བོད་ཀྱི་དམ་པའི་ཆོས་ཀྱི་བྱུང་བ་རྒྱས་བསྡུས་ཤིན་ཏུ་འཚམ་ཞིང༌། བྱེ་བྲག་བོད་དུ་དར་བའི་སྟོན་པ་ཤཀྱ་ཐུབ་པའི་ཆོས་བརྒྱུད་ཡོད་དོ་ཅོག་གི་བྱུང་བ་འཁོད་ཡོད་པ་སོགས་ཆོས་འབྱུང་གལ་ཆེན་ཞིག་ཆགས་ཡོད། དེ་ཡང་ཕྱི་ལོ་༡༩༦༤ལོར་དབུ་བརྩམས་ཏེ། ཕྱི་ལོ་༡༩༧༡ལོར་མཇུག་ཡོངས་སུ་གྲུབ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དཔར་སྐྲུན་ཐོག་མ་གནང་ཡོད་པ་རེད་འདུག།

གསུམ་པ༽<<སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྣམ་པར་བརྩེ་བ་>>

<<སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྣམ་པར་བརྩེ་བ་>>ཞེས་གྲགས། ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་ཡབ་གཞིས་དང་གདུང་རྒྱུད་གྲོལ་ཚུལ་སྐོར་སོགས་ཁོང་གི་སྐུ་ཚེ་གང་བོར་བསྟན་དང་འགྲོ་དོན་མཛད་ཚུལ་སོགས་མཛད་རྣམ་དངོས་ཡོད་གང་ཡིན་མ་གཏོགས་ཆེ་བསྟོད་དང་སྒྲོ་བཏགས་སོགས་ཀྱིས་མ་སླད་པར་རྒྱས་ཤིང་འཚམ་པ་དམ་པའི་རྣམ་ཐར་དོན་ལྡན་ཞིག་ལ་ངོས་འཛིན་ཞུ་ཆོག་འདུག དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་དཔར་སྐྲུན་ཐོག་མ་གནང་ཡོད་འདུག དཔར་རྩ་འབྲི་གནང་མཁན་ཁོང་གི་དངོས་སློབ་མཁས་མཆོག་རྡོ་རྗེ་རེད་འདུག

བཞི་པ༽<<བསྟན་བཅོས་ཡི་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ།>> 

<<བསྟན་བཅོས་ཡི་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་>> ཞེས་པའི་ནང་དོན་གཙོ་བོ། ཐོག་མར་སྟོན་པ་རྫོགས་པའི་སངས་རྒྱས་ལ་མཆོད་ཕྱག་དང། རིམ་པས་དཔལ་ལྡན་བླ་མའི་ཚོགས་ལ་གུས་ཕྱག སྙན་ངག་གི་ལུས་སྲོག་རྒྱན་གསུམ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན། སྐྱོན་སེལ་གྱི་རྒྱན་སོགས་དོན་ཚང་ལ་ཚིག་སྙན་ཞིང་འཇེབས་པའི་སྙན་ངག་གི་དཔེ་དེབ་གྲགས་ཆེན་ཞིག་ཆགས་ཡོད། དེ་ཁོང་དགུང་ལོ་ཞེ་དགུའི་སྐབས་སུ་མཇུག་རྫོགས་པར་བྲིས་ཞེས་གསལ་འདུག དཔར་རྩ་རྩོམ་པ་པོ་རང་གིས་བྲིས་ཏེ། ཁྱུང་ལུང་གུར་གྱམ་དཔལ་མདོ་སྔགས་གྲགས་རྒྱས་གླིང་གི་བླ་བྲང་ནས་མཐུན་སྦྱོར་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དཔར་སྐྲུན་ཐོག་མ་གནང་འདུག དེ་ཡང་རབ་བྱུང་བཅུ་དྲུག་པའི་གསེར་འཕྱང་མེ་བྱ་ལོར་མཇུག་ཡོངས་སུ་གྲུབ་ཅེས་བཀོད་འདུག་པར་དེ་ལྟར་ན། ཕྱི་ལོ་ ༡༩༥༧ ལོར་དཔར་སྐྲུན་གནང་ཡོད་ཚོད་འདུག

ལྔ་པ༽<<བསྟན་འགྲོའི་དཔལ་མགོན་མཁས་གྲུབ་འཇིགས་མེད་ནམ་མཁའི་གསུང་གདམས་ཕྱོགས་བསྒྲིགས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་>>

<<བསྟན་འགྲོའི་དཔལ་མགོན་མཁས་གྲུབ་འཇིགས་མེད་ནམ་མཁའི་གསུང་གདམས་ཕྱོགས་བསྒྲིགས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་>>ཞེས་པ་དེ་ཡིན་ཅིང་། ཕྱག་དཔེ་དེའི་ནང་དུ་མགུར་མ་དང་། ཞལ་གདམས། བསླབ་བྱ་སོགས་སྣ་ཚོགས་ཀྱིས་འདུས་པ་ཞིག་ཡིན་འདུག དེ་ཡང་ཁྱུང་སྤྲུལ་རིན་པོ་ཆེའི་མགུར་མ་དང་། གདམས་ངག་དེ་དག་ལས། མཁས་དབང་དཔལ་ཚུལ་གྱིས་དབུ་བརྩམས་ཏེ་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་ལ་བསྐུལ་མར་ཞུས་པའི་རིགས་དང་། ཁྱུང་སྤྲུལ་རིན་པོ་ཆེས་བཀའ་ཕེབས་གནང་ཞིང་མཁས་དབང་དཔལ་ཚུལ་གྱིས་མཇུག་བསྡུས་ཤིང་ཚིག་གི་སྡེབ་སྦྱོར་བཅོས་པའི་རིགས་ཁ་གསལ་འཁོད་པར་ཕུད་དེ་མིན་ཁྱུང་སྤྲུལ་རིན་པོ་ཆེའི་མགུར་དང་། ཞལ་གདམས། བསླབ་བྱ་སོགས་ཡིན་ནོ་ཅོག་འདིའི་ནང་དུ་འཛུད་ཐབས་བྱས་མེད་པས་དེ་ལུགས་སུ་དགོངས་མངའ་ཡོད་པར་ཞུ། པར་རྩ་ནི་ཁོང་གི་དངོས་སློབ་མཁས་མཆོག་རྡོ་རྗེས་བྲིས་ཤིང་རྒྱ་གར་རྒྱལ་ས་ལྡི་ལི་ནས་གོང་གསལ་རྣམ་ཐར་དང་ལྷན་དུ་དཔར་བསྐྲུན་བྱས་པ་ཞིག་ཡིན་འདུག 

དྲུག་པ༽<<ཞང་བོད་གངས་རིའི་ལྗོངས་དར་གཡུང་དྲུང་བོན་གྱི་དགོན་དེབ།>>

<<ཞང་བོད་གངས་རིའི་ལྗོངས་དར་གཡུང་དྲུང་བོན་གྱི་དགོན་དེབ་>>ཞེས་པ་འདིའི་ནང་དོན་གནད་བསྡུས་ནི། བོན་གྱི་སྒྲུབ་གནས་སུམ་ཅུ་རྩ་བདུན་གཙོས་པའི་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་སོགས་ཀྱི་གདན་ས་དང་། དེ་བཞིན་དུ་བོན་གྱི་གྲྭ་ས་གོང་འོག་བར་གསུམ་གཙོས་པའི་དགོན་སྡེ་ཁག་གི་ལོ་རྒྱུས་གནད་ཅན་དོན་ཚང་ལ་གནད་བསྡུས་པ་གལ་ཆེའི་དཔྱད་གཞི་མང་པོ་ཞིག་བྲིས་གནང་འདུག

བདུན་པ༽<<སྤྲུལ་སྐུ་བློ་ལྡན་སྙིང་པོ་རྣམ་ཐར་དང་དྲི་མེད་གཟི་བརྗིད་ཀྱི་དཀར་ཆག>>

<<སྤྲུལ་སྐུ་བློ་ལྡན་སྙིང་པོ་རྣམ་ཐར་དང་དྲི་མེད་གཟི་བརྗིད་ཀྱི་དཀར་ཆག་>>ཞེས་པའི་ནང་དོན་གཙོ་བོ། སྟོན་པ་སངས་རྒྱས་ཀྱིས་མཛད་པ་དྲུག་ཅུ་རྩ་གཅིག་གི་བཀའ་འཁོར་བསྐོར་ཚུལ་གྱི་མཛད་རྣམ་སྐོར་དང་། སྟོན་པའི་མཛད་རྣམ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་དེ་ཉིད། སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟང་ཆེན་དམུ་ཚ་གྱེར་མེད་ནས་སྙན་དུ་བརྒྱུད་ཚུལ་སོགས་སྟོན་པའི་རྣམ་ཐར་ཁ་གསལ་གོ་བདེ་གནད་བསྡུས་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དོན་ཚང་གནད་བསྡུས་ཤིག་མཉམ་དུ་བྲིས་གནང་འདུག དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་བསྩལ་ལ་བརྟེན་ནས་བྲིས་ཞེས་བཀོད་འདུག་པས་བྱིན་རླབས་ཆེ་ལ་རྟེན་འབྲེལ་གྱི་གནད་ཀྱང་ལེགས་པར་མཇལ་སོང་།

བརྒྱད་པ༽<<ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་ཟིན་ཐོ།>>

<<ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་ཟིན་ཐོ་>> ནང་དོན་གཙོ་བོ། ཧོར་ཚོ་སོ་དགུའི་ཚོ་ཁག་སོ་སོར་ངོས་འཛིན་དང་དེའི་ཁྱབ་ཁོངས་བླ་དཔོན་དགོན་སྡེ་ཁག་སོགས་དང་འདབས་འབྲེལ་ཨ་མདོ་ཤོག་བརྒྱད་སོགས་ལོ་རྒྱུས་དོན་ཚང་གནད་བསྡུས་འགའ་བྲིས་འདུག འདི་ནི་ཁོང་རང་གིས་ཕྱག་བྲིས་དངོས་བསྟར་མ་ལས་དེ་སྔོན་དཔར་སྐྲུན་ཞུས་མྱོང་མེད། མ་དཔེ་འདི་ད་ལྟ་མཁས་དབང་ཁོང་དང་འབྲེལ་འདྲིས་ཆེ་བའི་གྲོགས་ཐོབ་རྒྱལ་གསར་པའི་གཞིས་མི་བགྲེས་པོ་ག་གཟི་ཚེ་རིང་དབང་རྒྱལ་ཕྱག་ཏུ་ཡོད་འདུག་ཅེས་ཞུ།

དགུ་པ༽<<སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་རིན་པོ་ཆེ་མཆོག་གི་སྐུ་གདུང་དཀར་ཆག་བཞུགས་>>

<<སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་རིན་པོ་ཆེ་མཆོག་གི་སྐུ་གདུང་དཀར་ཆག་བཞུགས་>>ཞེས་པ་སོགས་བསྟོད་ཚོགས་དང་། པར་བྱང་སྨོན་ཚིག་བཅས་ལེའུ་ཚན་མང་པོ་ཞིག་བརྩམས་གནང་འདུག

མདོར་ན་ཁོང་གི་གསུང་འབུམ་འདུལ་བ་གཤེན་དྲུག་གི་གྲངས་མཉམ་འདི་ཉིད་ཀྱིས་སྤྱིར་རང་རེའི་ཁ་བ་གངས་རིའི་སྣོད་བཅུད་གཉིས་ལ་སྲིད་ཞུ་བླ་མེད་ཅིག་བསྒྲུབ་ཐུབ་པ་དང་། ཁྱད་པར་དུ་རྒྱལ་ཕྱི་ནང་ཀུན་གྱི་དཔྱོད་ལྡན་ཉམས་ཞིབ་པ་ཡོངས་ལ་རིག་པའི་སྒོ་མོ་ཡངས་པོར་ཕྱེ་ཐུབ་པའི་རེ་བ་དང་ཡིད་ཆེས་ཆེན་པོའི་ཐོག་ནས་མཚམས་སྦྱོར་ངོ་སྤྲོད་ཞུ་ཐུབ།

ཐ་མ༽ མཇུག་ལེགས་པར་གྲུབ་པའི་ཐོག་མཐའི་བརྒྱུད་རིམ།

གོང་གསལ་གསུང་འབུམ་རྣམས་དཔར་སྐྲུན་གྱི་བརྒྱུད་རིམ་ངེས་ཅན་ཞིག་སྟེ། དེ་ཡང་བརྩོན་འགྲུས་ཀྱི་ཚེགས་དང། ཡོ་བྱད་ཀྱི་རྒྱུ་གཉིས་ཀྱིས་གཡས་བསྐྱོར་གཡོན་རྟེན་གྱིས་”ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་”ཅེས་པའི་དཔེ་ལྟར་གྲུབ་པའི་གསུང་འབུམ་གཙིགས་ཆེར་ཞིག་ཡིན་པ་ཞུ་ག་ལ་དགོས།

དེ་ཡང་བགྲེས་པོའི་ཡ་ཐོད་ཀྱི་གཉེར་རིས་བརྩིགས་པ་བཞིན་ཏེ་འདས་སོང་གི་བགྲང་བྱ་བཅུ་ཕྲག་ལས་བརྒལ་བའི་རིང་ལ་དཀའ་བ་ཕྲག་ཏུ་བཏེགས་ཏེ། ངལ་བ་དང་དུ་བླངས་ཤིང་། ཐོག་མར་གསུང་རྩོམ་འཚོལ་སྒྲུབ་དང་། དེ་ནས་ཞུ་དག་གི་བརྒྱུད་རིམ་གཉིས་སུ་མོལ་བ་ལ། དེ་ཡང་དང་པོ་དཔར་རྩ་བཅུགས་སྒྲིག རིམ་པས་ཞུ་དག་སོགས་ཀྱི་བརྒྱུད་རིམ་སྟེ། མཁས་དབང་ཁོང་གི་གསུང་རྩོམ་ཁག་འཚོལ་བསྡུའི་ཕྱོགས་སྒྲིག་བྱེད་རྒྱུར་ཧ་ཅང་གིས་དཀའ་ཁག་གི་གནད་ཅིག་ཏེ། 

གཅིག་ནི་གསུང་རྩོམ་ཁག་ཉར་ཚགས་མ་ཐུབ་པའི་དབང་གིས་བོར་བརླག་ཕྱིན་ཚར་རིགས་ལོ་མང་རིང་བཙལ་འཚོལ་ཇི་ཙམ་བྱས་ཀྱང་མཐར་ལག་སོན་མ་བྱུང་བའི་དཀའ་ངལ་དང། གཉིས་ནི་མ་དཔེ་གཅིག་ལས་མེད་རིགས་མི་སུའི་ལག་ཏུ་ཡོད་མེད་ཧ་མ་གོ་པར་ལོ་མང་བཙལ་འཚོལ་བྱ་དགོས་བྱུང་བའི་དཀའ་ངལ།  གསུམ་ནི་མཛད་བྱང་གསལ་པོ་མ་བཀོད་པར་བརྟེན་ངོས་འཛིན་བྱེད་དཀའ་སོགས་ཀྱིས་དཀའ་ངལ་མདོར་ན་ལོ་མང་རིང་འབྲོག་པས་གཡག་བོར་འཚོལ་ནང་བཞིན་བྱས་ཏེ་འབྲེལ་ཡོད་ཡོངས་ལ་འདྲི་རྩད་དང་རྩད་འཚོལ་ངང་སྒུག་སོགས་དངོས་ཤུགས་བརྒྱུད་གསུམ་བྱས་མཐར་ཁག་གཅིག་གཡག་བོར་ནས་ལོ་མང་ཕྱིན་རྗེས་“འཛི་བཞར་རྭ་ཡོ་”ཞེས་པའི་དཔེ་གཡེར་པོ་ཆེ་ལྟར་བྱུང་བའི་ཚོར་སྣང་ངང་གིས་སྐྱེས་པ་དང་། ཁག་གཅིག་མི་རྟག་པའི་རྙི་རྒྱར་ཚུད་པར་བརྟེན་བདག་པོས་ངོས་འཛིན་བྱེད་དཀའི་གནས་སུ་གྱར་བ། ཁག་ཅིག་“སྔོ་ཁབ་ས་ལ་བརྡབས་པ་”བཞིན་མིག་སྔོན་པོའི་མཐོང་ཡུལ་དུ་མ་གྱུར་པས་ད་ལན་དཔར་སྐྲུན་ཞུ་ཐབས་བྲལ་སོང་ཞེས་གསལ་བཤད་ཀྱི་ཚུལ་དུ་སྨྲེ་ངན་གྱིས་ངལ་གསོ་ཞིག་མཚམས་འདིར་བཏེགས་ཏེ་རིམ་པས་ཅུང་ཙམ་མོལ་ན།

དངོས་སུ་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་བའི་གསུང་འབུམ་གླེགས་བམ་དྲུག་གི་ནང་ནས་ཀྱང་གནད་དོན་ཆེ་ཁག་འགའ་གསལ་བཤད་ཞུ་དགོས་པ་སྟེ། དེ་ཡང་ཐོག་མར་<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་>>སམ་<<བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན་>>གྱི་སྐོར་གནད་དོན་ཆེ་ཁག་ཁ་ཤས་ཤིག་གསལ་བཤད་མ་ཞུས་ཐབས་མེད་ཡིན་ཏེ། དེ་སྔོན་བསྟན་འབྱུང་འདི་དཔར་སྐྲུན་ཐེངས་མ་ཁ་ཤས་ཞུས་འདུག་ཀྱང་མ་དཔེ་ངོ་མ་དེ་གདན་ས་སྨན་རིའི་གླིང་ནས། ཕྱི་ལོ་ ༡༩༧༢ ལོར་དཔར་སྐྲུན་ཐོག་མར་གནང་བ་རེད་འདུག། དེ་རྗེས་བོད་ནས་དཔར་སྐྲུན་ཐེངས་ཁ་ཤས་ཞུས་འདུག

དེ་གཉིས་བར་དུ་སྣོན་འཕྲི་དང་བསྒྱུར་བཅོས་ཆད་ལྷག་སོགས་མང་པོ་ཞིག་བྱུང་འདུག་ལ་བོད་ནས་དཔར་སྐྲུན་ཞུས་པ་དེའི་ནང་ཁོར་ཡུག་རྐྱེན་དབང་གིས་ཚིག་མང་པོ་ཞིག་ཕྱིར་འཐེན་བྱས་འདུག་པར་ཁག་མེད་དུ་ངོས་འཛིན་ཞུ་ཆོག་ཀྱང་། དེ་ལས་གཞན་ཁ་སྣོན་མང་པོ་ཞིག་བརྒྱབ་འདུག་པར་འདིའི་རིགས་དཔར་སྐྲུན་བྱེད་པོའི་རང་འདོད་དབང་གིས་བཅོས་སླད་བྱས་པར་མ་གཏོགས་གཞན་རྒྱུ་མཚན་གང་ཡང་མི་འདུག་ལ། ཁྱད་པར་དུ་བསྟན་འབྱུང་སྨད་ཆའི་མཇུག་ཏུ་དགོན་སྡེའི་ལོ་རྒྱུས་<<ཞང་བོད་གངས་རིའི་ལྗོངས་དར་གཡུང་དྲུང་བོན་གྱི་དགོན་དེབ་>>ཅེས་པ་འདིའི་ཁ་བྱང་ཡན་ཆད་བརྗེ་པོར་བྱས་པ་དང་།

དེའི་ནང་དུ་ཤོག་ལྡེབ་ཁ་ཤས་སྣོན་འཕྲི་བྱས་འདུག་པར་འདིའི་རིགས་སྤྱིའི་ཆ་ནས་ཁ་སྐོང་གནང་བར་ལེགས་ཕྱོགས་སུ་གཏོགས་ཀྱང་རྩོམ་པ་པོའི་བཀའ་འཁྲོལ་མེད་པའི་ཐོག་ནས་སྣོན་འཕྲི་བཟོ་བཅོས་གང་འདོད་གནང་བར་ཆོས་སྲིད་གཉིས་ཐད་ནས་འགལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་མ་བྱས་ཐབས་མེད་དུ་བྱུང་སོང་ཞེས་ཞུ་འདོད་བྱུང་།

གཉིས་པ་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་། མགུར་འབུམ་གཉིས་ཡིན་ཞེས་ཞུ་བ་སྟེ། འདི་གཉིས་དམིགས་བཀར་གསལ་བཤད་དགོས་པའི་རྒྱུ་མཚན་ནི་ཁྱུང་སྤྲུལ་རིན་པོ་ཆེ་དང་མཁས་དབང་དཔལ་ཚུལ་གཉིས་བར་སྐུ་ཚེའི་ལོ་རྒྱུས་ཀྱི་འབྲེལ་བ་དང་། ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་མགུར་གཉིས་བམ་ཀློག་ཙམ་དང་གོ་ལོ་ཐོས་ལོའི་ཐོག་ནས་“རྡོ་རྗེ་རྐེད་བཟུང་”ལྟ་བུ་བྱེད་ནས་ཞིབ་ཚགས་མགོ་མཇུག་བར་གསུམ་མ་བཀླག་པ་ཡིན་ན་ཐོག་མར་ཁྲེལ་དགོད་དང་། དེ་ནས་ཡ་མཚན་པའི་དོགས་གཞི་མང་པོ་ཞིག་ཡོང་བ་ནི་གུས་པས་འདིའི་བརྒྱུད་རིམ་གྱི་ཉམས་མྱོང་ལ་གཞིགས་ཏེ་བསྡོམས་ཚིག་འཕེན་ཐུབ། 

དེར་བརྟེན་ཡིག་ཚོགས་མང་ཡང་གསལ་བཤད་ཅུང་ཙམ་ཞུ་དགོས་པ་ནི་རྩོམ་སྒྲིག་པའི་འོས་འགན་ཞིག་དང་། མ་ཞུས་ཐབས་མེད་མཐོང་ནས་ཞུ་བར་འདོད། ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་། ཁྱད་པར་དུ་མགུར་དབྱངས་ཀྱི་འགོ་མཇུག་བར་གསུམ་གང་དུ་མཇལ་ཀྱང་ཁྱུང་སྤྲུལ་རིན་པོ་ཆེ་ཁོང་གིས་བརྩམས་པ་མ་གཏོགས་མཁས་དབང་དཔལ་ཚུལ་གྱིས་བརྩམས་པ་ཡིན་པར་མཐོང་ཚོར་བྱུང་མི་སྲིད་ཅེེས་ཞུས་ན་ཚིག་ཐལ་ཆེར་མི་འགྲོ་སྙམ། 

དེའི་རྒྱུ་མཚན་གྱིས་ཁྱུང་སྤྲུལ་རིན་པོ་ཆེས་མཁས་དབང་དཔལ་ཚུལ་ལ་བཀའ་མངག་གང་གནང་བ་དང་། དེ་འབྲེལ་གྱི་ཐོག་མཐའི་བརྒྱུད་རིམ་སོགས་རྒྱུས་མངའ་དང་དཔྱད་ཞིབ་མཐིལ་ཕྱིན་མེད་ན་ནོར་ཉེན་ཆེ་བའི་གནད་དེར་ཐུག་པ་རེད་ཅེས་ཞུ་འདོད་བྱུང། ད་ནི་གསལ་བཤད་དངོས་དོན་ལ་འཇུག་པ་སྟེ་ཟིན་ཐོ་ཙམ་ཁྱུང་སྤྲུལ་རིན་པོ་ཆེ་ཁོང་གིས་བྲིས་ཀྱང་། ཆ་ཚང་པར་བརྩམས་ཤིང་མཇུག་སྐྱོང་གནང་མཁན་མཁས་དབང་དཔལ་ཚུལ་ཡིན་པ་བདེན་དཔང་གསེར་ནག་འདྲ་བ་ནི་ཁྱུང་སྤྲུལ་རིན་པོ་ཆེའི་ཞལ་གསུང་དྲོན་མོ་ནས་འདི་ལྟར་གསུངས་པ་སྟེ། <<སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྣམ་པར་བརྩེ་བ་>>ལས། “རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རང་ལུགས་བོན་གྱི་བསྟན་པ་འདི་ལ་སྲི་ཞུ་ཞབས་ཏོག་གང་ནུས་ཞུས་པའི་ངང་ནས་དུས་འདས་ཏེ། ཟིན་ཐོ་ཅུང་རེ་ལས་མ་གྲུབ་པས། ཁྱེད་དང་ངེད་གཉིས་སྐྱེ་ཡུལ་ཉེ་ཞིང་གཞོན་ནས་རྒས་བར་དུ་འགྲོགས་ཡུན་རིང་བས་ཆ་རྒྱུས་ཞིབ་པ་རང་གཞན་གྲུབ་མཐའ་ཀུན་གྱི་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཕྱི་ནང་རིག་གནས་ཡོངས་ལ་བལྟ་བའི་མིག་ཡངས་ཤིང་དཔྱོད་པའི་དོན་ཤེས་པ། འཛིན་པའི་བློ་ཡངས་པ།

ཁྱད་པར་ཚིག་སྦྱོར་མཁས་པ་ཡིན་ཕྱིར་ཁྱོད་ཀྱིས་བདག་གི་ཟིན་ཐོ་དང་ཉམས་མགུར་ཡོད་པ་འདི་དག་ལ་གཞི་བྱས་ཏེ་རྣམ་ཐར་མགུར་དབྱངས་རྒྱས་ཤིང་སྙན་པ་སྡེབ་རིང་ཉིས་བརྒྱ་ལྔ་བཅུ་ལས་མ་ཉུང་བར་ཁ་ལྷག་གང་ཐུབ་སྤེལ་ཏེ་བྲིས། འབྲི་ཚུལ་ཡང་བདག་རང་གིས་བྲིས་པ་བཞིན་གྱི་ཚིག་སྦྱོར་དུ་བཀོད་དང་། སྐལ་ལྡན་སློབ་མ་ཞུ་བ་པོ་རྣམས་རེ་བ་དོན་མེད་དུ་མ་སོང་བ། རྗེས་འཇུག་དང་གུས་ལྡན་པ་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་པ། ཁྱེད་རང་ཡང་བླ་མ་ལ་མཉེས་གསུམ་ཞབས་ཞུའི་མཆོག་ཏུ་གྱུར་པ།”ཞེས་གསལ་བ་ལྟར་སྙིང་བསྡུས་ཤིག་ལས་རྒྱས་པ་ཟུར་དུ་མཁས་དབང་དཔལ་ཚུལ་གྱི་མཛད་རྣམ་ནང་དུ་དྲངས་ཡོད་པས་དེར་འཐུས་ཞུ། དེ་ཡང་རྣམ་ཐར་ལས་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོར་མཇུག་ཡོངས་སུ་གྲུབ་ཅེས་བཀོད་འདུག་པར་དེ་ལྟར་ན། ཕྱི་ལོ་ ༡༩༥༧ ལོར་དཔར་སྐྲུན་གནང་ཡོད་ཚོད་འདུག

དེར་མ་ཟད་ཞང་ཞུང་རིག་གནས་དཔེ་རྙིང་དཔེ་ཚོགས་ནས་<<ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་མགུར་>> ཞེས་པ་དཔར་སྐྲུན་ཞུས་འདུག་དེའི་གཙོ་སྒྲིག་པ་ཁྱུང་སྤྲུལ་རིན་པོ་ཆེས་ཐུགས་གཏད་ཆེ་ཤོས་གནང་སའི་དངོས་སློབ་དགེ་སློང་བསྟན་འཛིན་དབང་གྲགས་རིན་པོ་ཆེས་གནང་འདུག་ལ་བློ་འདྲི་ཡུལ་༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་གཙོས་པའི་གནད་ཡོད་མཁས་དབང་མང་པོ་ཞིག་འདུག་ཁོང་རྣམ་པས་རྣམ་མགུར་དེའི་རྩོམ་པ་པོ་མཁས་དབང་དཔལ་ཚུལ་ཞེས་དམིགས་བཀར་གསལ་བཀོད་གནང་འདུག་ལ། དེའི་ནང་དུ་མགུར་འབུམ་ཆ་ཚང་བཀོད་འདུག་ཀྱང་གུས་པས་གོང་དུ་མགུར་འབུམ་ངོ་སྤྲོད་མཇུག་ཏུ་གསལ་བཤད་ཞུས་པ་ལས་བདེན་དཔང་རྒྱུ་མཚན་འདི་ལས་ལྷག་ཅིག་མི་དགོས་པར་བརྟེན་དེ་ཙམ་གྱིས་འཐུས་པ་དང་། དེ་ལས་རྒྱས་པ་གོང་ཞུས་ལྟར་མཁས་དབང་དཔལ་ཚུལ་གྱི་མཛད་རྣམ་ནང་དུ་ཁྱུང་སྤྲུལ་རིན་པོོ་ཆེའི་རྣམ་ཐར་ལས་ལུང་དྲངས་སྟེ་བྲིས་ཡོད་པས་དེར་གཟིགས་ཞུ་བ་བཅས་ཀྱི་གསལ་བཤད་གནད་བསྡུས་ཙམ་མོ།

གཉིས་པ་ཞུ་དག་གི་བརྒྱུད་རིམ་ལ་ཅུང་ཞིག་གསལ་བཤད་ཞུ་བ་སྟེ། ད་ལན་ཁོང་གི་གསུང་རྩོམ་རྣམས་ཀྱི་དཔེ་བསྡུར་དང་གཞི་འཛིན་ས་ནི་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལི་ནས་དཔར་སྐྲུན་ཞུས་པའི་དཔར་རྩ་དག་ལས་གཞིར་བཟུང་བྱས་ཡོད། ཞུ་དག་བྱེད་སྟངས་ཐད་ལ་མ་དཔེ་སོར་བཞག་རིགས་དང་། དག་བཅོས་རིགས། ཆད་པ་ཁ་སྐོང་རིགས་བཅས་གསུམ་དུ་ངེས་པ་བྱས་ཡོད། དཔེར་ན་འབྲི་སྟངས་དང་། གོ་དོན་གཉིས་ཆ་ཡོད་རིགས་མ་དཔེ་སོར་བཞག་རྣམས་ཏེ། རྒུང་ལོ་དང་དགུང་ལོ། ཀོང་པོ་དང་རྐོང་པོ། འཕྲིན་ལས་དང་ཕྲིན་ལས། སྟག་གཟིག་དང་རྟག་གཟིགས། བཟང་བཟའ་དང་བཟང་ཟ། སྙན་བརྒྱུད་དང་སྙན་རྒྱུད། ཉམས་བརྒྱུད་དང་ཉམས་རྒྱུད། དགོངས་བརྒྱུད་དང་དགོངས་རྒྱུད། པོམ་ར་དང་སྤོམ་ར། དངུལ་མཁར་དང་རྔུལ་མཁར་སོགས་རང་སོར་ལས་བཟོ་བཅོས་གང་ཡང་ཞུས་མེད། གཉིས་པ་དག་བཅོས་ཚིག་ཐག་མ་ཆོད་པ་དོགས་གཞི་བྱུང་རིགས་གུག་རྟགས་ཟླ་ཚེས་()འདིའི་ནང་བཀོད་ཡོད། གསུམ་པ་ཆད་པ་ཁ་སྐོང་རིགས་གུག་རྟགས་གྲུ་བཞི་[]འདིའི་ནང་དུ་བཅུགས་ཡོད་ཅེས་གསལ་བཤད་ཞུ་བ་དང་བཅས་མཚམས་འདི་ནས་མཇུག་བསྡུའི་ཞུ་སྐུལ་ཏེ།

དེ་ཡང་ད་ལན་རྩོམ་སྒྲིག་དང་ཞུ་དག་གི་བརྒྱུད་རིམ་ཐད་ལ་སྐྱོན་དང་ནོར་འཁྲུལ་ཅི་མཆིས་པར་ཡིད་གཏིང་ནས་བཟོད་གསོལ་ཞུ་ཞིང་རྗེས་ཕྱོགས་སུ་ལེགས་བཅོས་གང་ཟབ་ཐུབ་པའི་དམ་བཅའ་ཡིད་འཆང་ཞུ་རྒྱུ་དང། འདི་ནས་ཡར་བརྩིས་པའི་མྱི་ལོ་བཅུ་ཕྲག་རིང་དཀའ་སྡུག་གི་གྲུབ་འབྲས་ལ་བརྟེན་ནས་ལེགས་ཆ་ཅུང་རེ་མཆིས་ཚེ་བོད་རིག་པ་ལ་དུང་བ་ཟབ་པའི་མཁྱེན་ཡངས་རྣམས་ལ་དགའ་བསུའི་ལེགས་སྐྱེས་དང་སྦྲགས་ལས་དོན་འདིའི་ཐད་མཁྱེན་ཡངས་བོད་རིག་པའི་མཁས་དབང་རྣམས་དང་། ཁྱད་པར་དུ་གསུང་འབུམ་འདི་ལ་རྒྱུས་མངའ་ཟབ་པའི་དཔྱོད་ལྡན་རྣམ་པས་ལམ་སྟོན་དང་དགོངས་འཆར་སྐྱོན་བརྗོད་སོགས་ཐད་ཀར་གནང་རོགས་ཞུ་ཞེས་གསུང་འབུམ་རྩོམ་སྒྲིག་པ་དགེ་མིང་འཛིན་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་འཕགས་ཡུལ་གངས་ཅན་སྐྱིད་གཤོངས་ཀྱི་འདབས་རོལ་ནས་མཚམས་སུ་བསྡུས་པའོ།། །།