གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྒོ་རིགས་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་དམུ་བསུ་སྟངས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་མཁན་པོར་ཁྲི་བཞེངས་ཀྱི་གནས་ཚུལ།

དད་ལྡན་མི་མང་དང་ལྷ་སྡེས་གསོལ་འདེབས་ཞུས་དོན་བླ་མ་ཁྲི་པའི་ཁྲི་བཞེངས་ཀྱི་ལམ་སྲོལ་ལྟར། སྨན་རིའི་དགེ་བཤེས་སྒོ་རིགས་དྲང་སྲོང་བསྟན་འཛིན་མཆོག་ལྡན་མཆོག ༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་སོང་།

དམུ་བསུ་སྟངས་རིག་གཞུང་དང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བསོད་ནམས་རྒྱལ་མཚན་གཙོས་ཚོགས་མི་ལྷན་རྒྱས་དང་། གློ་བོ་དང་སེ་རིབ་ཁུལ་གྱི་གཡུང་དྲུང་བོན་ལུགས་འཛིན་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་སྨན་རིའི་དགེ་བཤེས་སྒོ་རིགས་དྲང་སྲོང་བསྟན་འཛིན་མཆོག་ལྡན་ལགས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་མཁན་པོར་ཁྲི་བཞེངས་མངའ་གསོལ་མཛད་རྒྱུར་རེ་བསྐུལ་ཞུས་དོན་ལ་ཞལ་བཞེས་གནང་བ་བཞིན།

ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༡༡ ཉིན་སྔ་དྲོའི་ཆུ་ཚོད་ ༨:༣༠ ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གིས་གོ་སྒྲིག་འོག སྒོ་རིགས་དྲང་སྲོང་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་སྨན་རིའི་འདུལ་ཁང་ཆེན་མོར་གདན་འདྲེན་གྱིས་དམུ་བསུ་སྟངས་”གཤེན་བསྟན་མཐའ་རྒྱས་གླིང་གི་”མཁན་པོར་ཁྲི་བཞེངས་མངའ་གསོལ་གནང་ཡོད་པ་དང་། རིམ་པར་སྨན་རིའི་གྲྭ་ཚང་དང་། བོད་ཀྱི་བོན་པོ་ཚོགས་པ། དཔལ་གཤེན་བསྟན་གཡུང་དྲུང་མཐའ་རྒྱས་གླིང་གི་འདུས་སྤྱི་སོགས་དགོན་སྡེ་དང་ཚོགས་པ་ཆེ་ཆུང་ཁག་དང་།

འབྲེལ་ཡོད་མི་སྣ་བཅས་གྲངས་བརྒྱ་ལྷག་ཙམ་གྱིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། དེ་རྗེས་དམུ་བསུ་སྟངས་ཕྱོགས་ནས་ཕེབས་པའི་ལྷ་སྡེ་མི་མང་རྣམས་པ་གཙོས་སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་དར་འབུལ་ཞུས་གྲུབ་མཚམས། ལམ་སྲོལ་ལྟར་མཁན་པོ་སྒོ་རིགས་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་ནས་འདུས་མང་ཡོངས་ལ་མང་ཇ་བཏང་གནང་སོང་།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

སྒོ་རིགས་དགེ་བཤེས་བསྟན་འཛིན་མཆོག་ལྡན་མཆོག་དམུ་བསུ་སྟངས་༧དཔལ་གཤེན་བསྟན་མཐའ་རྒྱས་གླིང་གི་མཁན་པོར་ཁྲི་བཞེངས་ཀྱི་གནས་ཚུལ།