གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་དུ་སྨན་སྒྲུབ་ཆེན་མོའི་དབུ་འཛུགས་མཛད་སྒོ་སྤེལ་བ།

དེ་ཡང་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་དབུ་འབྱེད་ཀྱི་མཛད་སྒོ་དེ་རིང་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་“ཇ་གཏ་སིངྒ་ནེ་གེ་”མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག

དེ་ཡང་སྔ་དྲོར་སྐུ་མགྲོན་གཙོ་བོ་ཧི་ལ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་“ཇ་གཏ་སིངྒ་ནེ་གེ་”མཆོག་བོན་གཞིས་ཉིན་སློབ་དང་མི་མང་། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བོན་ཕྲུག་བདེ་དོན་གྱི་སློབ་མ། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ། དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་འདུས་མང་བཅས་ནས་ཐོབ་རྒྱལ་གསར་པའི་སྒོ་འགྲམ་དང་། མཐོ་སློབ་ཀྱི་སྒོ་མདུན། སྨན་རིའི་གཙུག་ལག་ཁང་ཆེན་མོའི་མདུན་ཐང་སོགས་ཕྱོགས་སོ་སོ་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་།

ཕྱག་ཚོད་ ༡༡། ༤༠ ཙམ་སྐུ་མགྲོན་གཙོ་བོ་མཆོག་སྨན་རིའི་གཙུག་ལག་ཁང་ཆེན་མོ་དང༌། འཆད་ར་གཡུང་དྲུང་དགའ་ཚལ་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་སོགས་སུ་གཟིགས་སྐོར་ལ་གདན་འདྲེན་ཞུས་ཤིང་།

 ཉིན་གུང་རྒྱལ་བ་སྨན་རིའི་བླ་བྲང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་སོགས་གནད་ཡོད་མི་སྣ་ཁག་ལ་གསོལ་ཚིགས་རྒྱས་འབུལ་ཞུས།

ཉིན་རྒྱབ་ཕྱག་ཚོད་ ༡:༣༥ ཐོག་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་ཟུང་དྲུང་རྣམ་གཉིས་ཀྱིས་བོད་དབྱིན་སྐད་གཉིས་ལམ་ནས་དངོས་གཞིའི་མཛད་རིམ་དབུ་འཛུགས་གནང་། ཐོག་མར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྨན་རིའི་སྨན་སྒྲུབ་ཆེན་མོའི་བྱུང་རིམ་དང་ཕན་ཡོན་སྐོར་དབྱིན་བོད་སྐད་གཉིས་ཀྱི་ལམ་ནས་གསུང་བཤད་སྙིང་བསྡུས་ཤིག་བསྩལ་གནང་མཛད་།

དེ་རྗེས་སྨན་རིའི་འཆམ་ལས་ཁང་ནས་སྐུ་མགྲོན་དང་སེར་སྐྱ་ཡོངས་ལ་གཤེན་གྱི་གར་འཆམ་གཤེན་རབ་དགུ་འཆམ་གཟིགས་འབུལ་གནང་ཡོད་པ་རེད།

དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན་”སྨན་སྒྲུབ་འདི་ཉིད་ཀྱི་ཕབས་རྟ་དང་བརྒྱུད་རིམ་སོགས་གལ་ཆེན་པོ་རྩ་ཆེན་པོ་ཡིན་ཚུལ་དང་། དེ་བཞིན་ང་ཚོས་ཀྱང་མི་རབས་རྒན་པ་དང་ལྷག་པར་སྨན་རིའི་ཁྲི་འཛིན་སྐུ་གོང་མ་དང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་སོགས་ཀྱིས་སྐུ་ལས་བསྐྱངས་པའི་བཀའ་དྲིན་དག་ཀྱང་དྲན་དགོས་ཚུལ་” སོགས་ཀྱི་གསུང་བཤད་གནང་།

དེ་མཚམས་བོན་གཞིས་ས་གནས་མི་མང་དང་། བོན་གཞིས་ཉིན་སློབ་ཀྱི་སློབ་མ་ཁག་གཉིས་ནས་རིམ་པར་ཞབས་བྲོ་གཟིགས་འབུལ་ཞུས།

དེ་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཙོས་སྐུ་མགྲོན་རྣམས་ལ་ཕྱག་རྟགས་གནང་གྲུབ་རྗེས།

གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་མ་རྣམ་པས་ཞབས་བྲོ་ཞིག་གཟིགས་འབུལ་ཞུས།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན་”དེ་རིང་འདིར་སྐད་བཏང་ནས་སླེབས་ཐུབ་པར་དགའ་སྤོབས་ཡོད། ང་ཚོ་མུ་མཐུད་ནས་འབྲེལ་བ་བྱེད་དགོས་སྐོར་དང་། བོད་ཀྱི་གནའ་བོའི་གྲུབ་མཐའ་གཡུང་དྲུང་བོན་འདི་ཉིད་མ་ཉམས་རྒྱུད་འཛིན་གྱིས་དར་སྤེལ་བྱེད་ཐུབ་པ་འདི་ཡང་དགའ་འོས་པ་ཞིག་ཡིན་ཚུལ་དང་། ང་རང་ཆུང་དུས་སློབ་སྦྱོང་བྱ་ཡུལ་ས་གནས་འདིར་རེད། རང་ཉིད་ཀྱི་མིག་མཐོང་སར་དགོན་པ་འདི་ཡར་རྒྱས་ཧ་ཅང་ཕྱིན་སོང་། བཙན་བྱོལ་ནང་བོད་པ་ཉུང་ཤས་ཤིག་ལས་མེད་ཀྱང་ཁྱོད་ཚོས་ཆོས་དང་རིག་གཞུང་བདག་གཉེར་བྱེད་སྟངས་འདི་ནི་ང་ཚོས་མིག་དཔེ་ལྟ་འོས་པ་ཞིག་རེད་ཅེས་སོགས་ཀྱི་གཏམ་བཤད་གནང་མཐར་

དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་མཆོག་དང་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ་གཉིས་ཀྱིས་དབྱིན་བོད་གཉིས་ཀྱི་སྐད་ཐོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་དང་།

དེ་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཀྱིས་བླ་མ་ཁྲི་པ་དང་སྨན་རིའི་སྒྲུབ་ཆེན་གྱི་སྒྲུབ་གཤེན་པ་རྣམ་པ། གཞན་ཡང་སེར་སྐྱ་མི་མང་བཅས་སྨན་རིའི་ཚོགས་ཁང་དུ་འདུ་འཛོམས་ཀྱིས་སྐུ་གླུད་བསྐྱལ་བ་བཅས་དེ་རིང་སྨན་རིའི་སྒྲུབ་ཆེན་ཐེངས་   ༣༤ པའི་ཉིན་དང་པོའི་མཛད་རིམ་གྲུབ་ཡོད་པ་རེད་འདུག

གཞན་ཡང་དེ་རིང་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་སྒྲུབ་ཆེན་བླ་མ་ཁྲི་པ་རྣམ་པས་ཡི་དམ་ཞི་བ་ཨ་གསལ་གྱི་ཚོགས་མཆོད་ཕུལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་རྒྱ་ཁང་ནས།