གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་སྒྲུབ་ཆེན་ཉིན་ ༡༣ པ་དང་ ༡༤ པ།

ཁ་རྩང་སྨན་རིའི་སྒྲུབ་ཆེན་ཉིན་བཅུ་གསུམ་པར་༸རྒྱལ་བ་སྨན་རིའི་འདུལ་ཁང་ནང་སྨན་སྒྲུབ་ཀྱི་དཀྱིལ་འཁོར་མདུན་དུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྒྲུབ་གཤེན་པ་རྣམས་ལ་བདུད་རྩི་སྨན་གྱི་དབང་མཆོག་ཆེན་མོ་བསྩལ་གནང་ཡོད་པ་དང་།

ཕྱི་དྲོར་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་བལ་པོའི་ཕྱོགས་ནས་ཕེབས་པའི་དད་འབངས་མི་ཉུང་བ་ཞིག་གིས་གསོལ་བ་བཏབ་པ་ལྟར་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྙིང་པོ་རྣམས་གསུམ་གཙོས་བོན་གྱི་རྒྱུན་སྤྱོད་རིགས་འགའ་ཞིག་གི་ལྗགས་ལུང་གནང་ཡོད་པ་རེད།

དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་བཅུ་བཞི་པ་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༤ སྔ་དྲོ་ཕྱག་ཚོད་ ༨:༣༠ ནས་ཕྱོགས་མཐའི་སྐུ་མགྲོན་དང་དད་ལྡན་མི་མང་རྣམས་ལ་དམུ་ཁྲི་བཙད་པོ་རིག་གཞུང་སློབ་གཉེར་ཁང་གི་རིག་པའི་གནས་ལྔའི་སྡེ་ཚན་རྣམས་འགྲེམ་སྟོན་དང་གཟིགས་འབུལ་ཞུས་སོང་ལ།

སྡེ་ཚན་འདིར་ ༡༩༨༠ ཡར་མར་ནས་ད་བར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་དང་། དཀྱིལ་འཁོར་མཆོད་རྟེན་ལ་སོགས་པའི་རི་མོའི་རིགས། དེ་བཞིན་སློབ་གཉེར་བ་སོ་སོའི་ཡིག་སྣོད་སོགས་མདོར་ན་བཤད་སྒྲུབ་འདུས་སྡེ་འདིའི་ལོ་ངོ་བཅུ་ཕྲག་མང་པོའི་ལོ་རྒྱུས་ཀྱི་ཟིན་ཐོ་གསོན་པོ་ཞིག་ཡོད་པ་རེད་འདུག