གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་སྒྲུབ་ཆེན་ཉིན་བཅུ་དྲུག་པའི་གནས་ཚུལ།

དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་བཅུ་དྲུག་པར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཡི་དམ་ཞི་ཁྲོ་གཉིས་ཀྱི་དངོས་གཞིའི་དབང་དང་བདུད་རྩི་སྨན་གྱི་བཀའ་དབང་བཅས་བསྩལ་གནང་སོང་།

དེ་རིང་ཞོགས་པའི་དུས་ཚོད་ ༨:༣༠ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བླ་གྲྭ་འདུས་མང་ཡོངས་དྲན་རྟེན་གྱི་སྐུ་པར་བསྒྲོན་གནང་ཞིང་།

དེ་རྗེས་དུས་ཚོད་ ༩ ཐོག་༸རྒྱལ་བ་སྨན་རིའི་འཆམ་རར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དུང་རྒྱ་སྤོས་སྣེས་སྤྱན་དྲངས་ཤིང་།

 དེ་ཡང་སྒྲུབ་ཆེན་འདིར་ཆེད་དུ་ཕེབས་པའི་ཨ་རི་དང་། ཡོ་རོབ། ར་ཤི་ཡ། འཇར་པན། ཐེ་ཝན། བལ་ཡུལ། སོག་པོ། འབྲུག དེ་བཞིན་ཁུ་ནུ་སོགས་རྒྱ་གར་ཀྱི་ཡུལ་མི་བཅས་ཁྱོན་རྒྱལ་ཕྱི་ནང་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་དང་། བོན་གཞིས་ཉིན་སློབ་ཀྱི་སློབ་མ་དང་། མི་མང་གྲྭ་བཙུན་བཅས་སྟོང་ཚོ་གཉིས་མ་ཟིན་ཙམ་ལ་ཡི་དམ་ཞི་ཁྲོ་གཉིས་ཀྱི་དངོས་གཞིའི་བཀའ་དབང་དང་། སྨན་སྒྲུབ་འོད་ཟེར་འཁྱིལ་བའི་བཀའ་དབང་བཅས་བཀའ་དྲིན་བསྩལ་གནང་ཡོད་པ་དང་།

གཞན་ཡང་སྐབས་དེར་སྒྲུབ་ཆེན་གྱི་གལ་ཆེའི་སྦྱིན་བདག་ཨུ་རུ་སུའི་བོན་གྱི་ཉམས་ལེན་པ་དང་ཚོང་པ་ཆེན་མོ་“རྗེ་ཉིན་སི་”(Щербаков Денис Валериевич) དང་ཁོང་བཟའ་ཟླ་“ཨར་བིན་ནཱ”(Щербакова Альбина Рифкатовна) གཉིས་ལ་༸ཐུགས་རྗེ་ལེགས་གསོལ་ཀྱི་དོད་དུ་སངས་རྒྱས་སྨན་ལྷའི་སྐུ་འདྲ་དང་། སྨན་རིའི་མཁན་རབས་ཀྱི་ཞལ་ཐང་། སྨན་སྒྲུབ་དེ་བཞིན་གཟེངས་བསྟོད་ཕྱག་འཁྱེར་བཅས་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།