སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱིས་དཔར་སྐྲུན་ཞུས་པའི་དཔེ་ཆ་དེབ་གཟུགས་ཅན་གསུམ་དང་དཔེ་གཟུགས་ཅན་གཉིས་བཅས་སྒོ་འབྱེད་དང་འགྲེམ་སྤེལ་གནང་བ།

གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ ༡༩༧༨ ལོར་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ནས། རིམ་བཞིན་བཤད་སྡེའི་རྒྱུན་ལས་ཀྱང་བཀོད་བཞག་གནང་ཡོད་པ་དང་། དེ་རྗེས་སྤྱི་ལོ་ ༢༠༠༢ གནས་དབུ་བརྩམས་ཏེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་རྒྱུན་ལས་རྣམས་ཀྱིས། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་བཀའ་སློབ་ལམ་སྟོན་འོག རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཤེས་ལྡན་དོན་གཉེར་གྱི་མི་སྣ་སྤྱི་དང་། བྱེ་བྲག་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས། དཔེ་དཀོན་དང་རྒྱུན་མཁོའི་ཡིག་ཆ་མང་དག་ཞིག་པར་སྐྲུན་གནངས་དང་གནང་མུས་ལྟར་

ད་ལན་སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ངོས་ནས་སངས་རྒྱས་ཞུ་ཆེན་ནམ་ཡེ་ཤེས་རིན་ཆེན་གྱིས་མཛད་པའི་<<མཛོད་ཏྲིག་གསལ་བའི་སྒྲོན་མེ་>>དང་། སྟོན་པ་ལོངས་སྤྱོད་རྫོགས་སྐུས་གསུངས་པའི་<< གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣགས་པ་དབལ་གསང་བ་འདུས་པ་དོན་གྱི་རྒྱུད།> བོན་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་<<རྫོགས་ཆེན་ནམ་མཁའ་སྤྱི་གཅོད་>>དང་། དེ་བཞིན་འདོན་ཆོག་རིགས་ལ་<<༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཞལ་འདོན་>>དང་<<གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདོན་སྐུལ་ཚོགས་བརྒྱའི་གསུང་པོད་>> བཅས་དཔར་བསྐྲུན་གནང་ཞིང་སྤྱི་ཟླ་དགུ་པའི་ཚེས་པ་ཉེར་བརྒྱད་ཉིན་དབུ་འབྱེད་དང་འགྲེམ་སྤེལ་གནང་སོང་། <གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེས་དཔར་སྐྲུན་ཞུས་པའི་དཔེ་ཆ་དག་གི་དཀར་ཆག་ལ་གཟིགས།>

མཛོད་ཏྲིག་གི་གླེང་བརྗོད།

སངས་རྒྱས་ཞུ་ཆེན་ཞུ་བ་ནི། གཡུང་དྲུང་བོན་གྱི་བསྟན་པའི་རྒྱུད་པ་འཛིན་ཅིང་གདུང་རྒྱུད་དུ་གྲགས་ཆེ་བ་དབང་ལྡན་ཞུ་ཚང་གི་གདུང་ལས་འཁྲུངས་པའི་གཡུང་དྲུང་བོན་གྱི་མཁས་པ་ཆེན་པོ་ཞིག་སྟེ། དེ་ཡང༌། ཞུ་སྐྱེ་སེ་རིན་པོ་ཆེ་ལ་སྲས་བཞི་རུ་ཡོད་པ་སྟེ། སྲས་ཆེ་བ་ཞུ་སྒྲོལ་བ་གཤེན་རྒྱལ་དང༌། དེ་འོག་ཇོ་མཁར། དེ་འོག་ཇོ་ཐོག ཐ་ཆུང་ཞུ་སྒོམ་འཁྲུལ་ཞིག་དང་བཞིའོ། སྲས་གསུམ་པ་ཇོ་ཐོག་གི་སྲས་ཆེ་བ་ཁྲོ་རྒྱལ་འབར་ཏེ། ཆུང་ནས་དད་བརྩོན་ ཤེས་རབ་དང་ལྡན་པས། རྨེའུ་རི་ཁྲོད་པ་དང༌། རྗེ་བཙུན་ཡར་མེ་བ་གཉིས་ལས་འདུལ་བའི་སྡེ་སྣོད་གསན། ཞུ་རི་ཞིང་གི་དགོན་པ་བཏབ་ཅིང༌། འགྲོ་དོན་ནུས་པའི་སློབ་མ་མང་དུ་བྱུང་བའོ། །ཁོང་ལ་བཙུན་ཆུང་གི་དུས་སུ་ཞུ་བཙུན་དོན་ལྡན་ཟེར། བསྙེན་རྫོགས་ཀྱི་དུས་སུ་ཡེ་ཤེས་རིན་ཆེན་ཟེར། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན་ཟེར། ཡུལ་སྐད་ལ་ལར་སངས་རྒྱས་ཞུ་མོ་ཆེ་ཡང་ཟེར་ཞེས་པ་སོགས་<<བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ དོ་ཤལ་>>ལས་གསལ་བ་ལྟར་དང༌། མཁས་པ་ཆེན་པོ་འདི་ཉིད་ཀྱི་འཁྲུངས་ པའི་ལོ་ཚིགས་ལ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་རབ་བྱུང་གསུམ་པའི་ ཆུ་ཡོས་ལོ་སྟེ་ཕྱི་ལོ་༡༡༢༣ལོར་འཁྲུངས་པར་གསུངས་པ་དང༌། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་ཞུ་ཆེན་འདི་བསྟན་རྩིས་ལ་ལར་རབ་བྱུང་གསུམ་པའི་ཆུ་ཡོས་ལོར་བལྟམས་ཟེར་བ་མི་དག་སྟེ། རབ་བྱུང་གཉིས་པའི་སྤྲེལ་ལོའི་སྟག་ཟླའི་ཚེས་ལྔ་ལ་བལྟམས་པའི་འཁྲུངས་རབས་རྒྱས་པ་མཐོང་ངོ་། ཞེས་གསུངས། དེ་ལྟར་ན་རབ་བྱུང་གཉིས་པའི་ས་སྤྲེལ་ལོ་སྟེ་ཕྱི་ལོ་༡༡༢༨ལོར་ འཁྲུངས་པར་ངེས་སོ། །དེ་ལྟར་ཞུ་ཆེན་གྱི་རྣམ་ཐར་རྒྱས་པ་མཇལ་ཡུལ་དུ་ མ་གྱུར་བས་འདི་ཞེས་བརྗོད་པར་མི་ནུས་ཤིང༌། འོན་ཀྱང་ཁོང་ནི་མཁས་པ་ཆེན་པོ་ཞིག་ཡིན་པར་མ་ཟད། ཁོང་གིས་བརྩམས་པའི་བཀའ་བརྟེན་ཀྱང་མང་དུ་ཡོད་པའི་ནང་ནས། ངོས་ཀྱིས་མཇལ་ཡུལ་དུ་གྱུར་པ་ནི་བྱང་སེམས་གབ་པའི་འགྲེལ་བ་དང༌། མཛོད་གནས་བཅུ་བདུན་གྱི་འགྲེལ་བ་བཅས་བཞུགས། སྐབས་འདིར་མཛོད་གནས་བཅུ་བདུན་གྱི་འགྲེལ་བ་སྟེ། ངོས་ཀྱི་ལག་ཏུ་ཡོད་པའི་དཔེ་རྙིང་དེའི་དབུར་<<མཛོད་ཏྲིག་བཞུགས་སྙོ་སངས་རྒྱས་ཞུ་ཆེན་གྱི་འགྲེལ་བའོ་>>ཞེས་གསལ་བ་དང༌། འོན་ཀྱང་དཔེ་འདི་ཉིད་ཀྱི་མགོ་གཞུག་གི་གཞུང་ཚིག་ཏུ་ལེགས་བཤད་གཏེར་མཛོད་གསལ་བའི་སྒྲོན་མ་དང༌། ལེགས་བཤད་གསལ་བའི་སྒྲོན་མ་ཞེས་གསལ། གང་ལྟར་དཔེ་ཆ་འདི་ཉིད་ཧ་ཅང་གི་དཔེ་དཀོན་ཞིག་ཡིན་པར་མ་ཟད། བོད་ཕྱི་ནང་གང་དུའང་འདི་ཉིད་གཅིག་པོ་ལས་མེད་པའི་དཔེ་དཀོན་གལ་ཆེན་ཞིག་ཀྱང་ཡིན་སྲིད། འོན་ཀྱང་ངོས་རང་ ལས་དང་བསོད་ནམས་ལྡན་པས་ལག་བྲིས་ཁྱུག་བྲིས་མ་མདའ་ཚད་ཅན་གྱི་ཤོག་གྲངས་བརྒྱ་དང་ལྔ་བཅུ་ང་བརྒྱད་ཅན་འདི་ཉིད་ལག་སོན་དུ་བྱུང་བ་ནི། ས་ཐོབ་ལྟ་བུའི་ཤིན་ཏུ་ནས་དགའ་སྤྲོ་འཕེལ་བར་མ་ཟད། དེང་དུས་ཀྱི་འཕྲུལ་ ཆས་གློག་ཀླད་དུའང་དུས་ཚོད་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ཀྱིས་ངལ་བ་ཁྱད་དུ་བསད་དེ་བཅུག་ཅིང༌། མ་དཔེ་ཇི་བཞིན་བཤུས་པ་ལས་དག་བཅོས་སོགས་གང་ཡང་བྱས་མེད། དེ་ལྟར་དཔེ་འདིའི་བྱུང་ཁུངས་བརྒྱུད་རིམ་ནི་སྐབས་ གཞན་དུ་གསལ། དེ་ཡང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བཞི་བཅུ་ཞེ་བཞི་པའི་རྒྱུན་ལས་ལྷན་རྒྱས་ནས་དཔེ་དཀོན་འདི་ཉིད་པར་སྐྲུན་བྱ་ཆོག་པའི་ནན་བསྐུལ་ཆེས་ཆེར་བྱུང་བར་བརྟེན་ངོས་ནས་དཔེ་གཡར་ཞུས་ཤིང༌། དེ་བཞིན་གླེང་བརྗོད་ཐུང་ངུ་ཞིག་ཀྱང་འབྲི་དགོས་ཚུལ་བསྐུལ་པ་ལྟར།

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས་དབུས་ཨ་མེ་རི་ཁའི་རྒྱལ་ཁབ་ Costa Rica ཀོས་ཏ་རི་ཁར་གནས་བཅས་པའི་ཁ་ས་བྱ་འཕུར་གླིང་དུ་བྲིས་པ་མུ་ཙུག་སྨར་རོ། །

གསང་འདུས་དོན་རྒྱུད་ཀྱི་སྔོན་གླེང་།

ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ནི་ལྷོ་གླིང་སྲིད་པའི་རྩེ་མོ་རུ་གྱུར་བའི་གངས་རི་མཚོ་གསུམ་གྱི་ལྟེ་བ་རུ་སྐྱེ་དགུའི་འདྲེན་སྟོན་ཆེན་མོ་སངས་རྒྱས་གཤེན་རབ་མི་བོའི་གཟུགས་སྐུའི་པད་མོ་མངོན་པར་བཞད་པ་ནས་བཟུང༌། ཉོན་མོངས་འཁོར་བའི་སྡུག་བསྔལ་སེལ་བ་དང་སྙིགས་དུས་འགྲོ་ཀུན་ཐར་བར་འདྲེན་པ་ཁོ་ན་ཉིད་དུ་སྣང་བའི་འོད་ཟེར་ཉི་མ་འབུམ་དུ་ཤར་བ་ཡིན། དེ་ཡང་སྟོན་པ་སངས་རྒྱས་ཀྱི་ཚད་མེད་པའི་བརྩེ་བ་དང་ཐུགས་རྗེ་དྲོན་མོའི་ཐུ་རུམ་འོག་ནས་བོན་གྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་། གསུང་རབ་ཁྲི་དང་འབུམ་ལ་སྒོ་བཞི་མཛོད་ལྔའི་གླེགས་བམ་གྱི་རྣམ་གྲངས་ཕྱེས་ཏེ་བསྟན་པ་གཉེར་དུ་གཏད་པ་ནི་ཕྱི་རབས་སེམས་ཅན་ཀུན་གྱི་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལགས་པས་ན་ཅིས་ཀྱང་ཨེ་མ་ངོ་མཚར་ཆེའོ། །

 དེ་ཡང་<<དྲི་མེད་གཟི་བརྗིད་>>ལས། “ཡི་གེ་ནག་པོའི་རྒྱུད་བསྟེན་ན། །ཤེས་རབ་ཁད་ཀྱིས་འཕེལ་བར་འགྱུར།” །ཞེས་གསུངས་པས། མདོར་ན་སྙིང་པོ་བཅུད་དུ་དྲིལ་སྟེ་ཚིག་ཏུ་བརྗོད་ན། ལྷ་མིའི་སྟོན་པ་རྣམ་འདྲེན་བརྒྱད་པ་དང༌། སྙིགས་དུས་འདྲེན་མཆོག་རྒྱལ་བ་གཉིས་པ། བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་སོགས་སྔོན་བྱོན་སྐྱེས་བུ་དམ་པའི་དགོངས་སྤྱོད་བླ་ན་མེད་པའི་རྣམ་ཐར་གྱི་ཁྲོད་ནས་བསྟན་པའི་སྲོག་རྩ་བཀའ་གཞུང་ཉན་ བཤད་ཀྱི་སྡེ་ཆགས་ཡོད་པ་གསལ་ནུས་པ་ལགས་ན།

འདིར་སྐབས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་མཁྱེན་ཡངས་ཐུགས་དགོངས་ཟབ་མོའི་ལམ་སྟོན་འོག ། ངེད་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་བསྟན་པའི་གསལ་བྱེད་འཆད་ཉན་གྱི་གཞི་རྩར་དམིགས་ཏེ་ལོ་ལྟར་སྐབས་བབས་དགོས་མཁོ་ཅན་གྱི་གསུང་རབ་ཁག་དཔར་བསྐྲུན་གྱི་ལས་གཞིའི་རྒྱུན་བསྐྱང་བཞིན་ཡོད་པ་དང༌། ད་ལམ་ངེད་སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ངོས་ནས་ཀྱང་ཕྱི་སྤང་ལམ་མདོ་ཡི་བོན་ལ་དུས་རབས་བཅུ་གཅིག་པའི་ནང་དུ་འཁྲུངས་པའི་སངས་རྒྱས་ཞུ་ཆེན་ནམ་ཡེ་ཤེས་རིན་ཆེན་གྱིས་མཛད་པའི་<<མཛོད་ཏྲིག་གསལ་བའི་སྒྲོན་མེ་>>དང་། བསྒྱུར་ལམ་སྔགས་ཀྱི་བོན་ལ་སྟོན་པ་ལོངས་སྤྱོད་རྫོགས་སྐུས་གསུངས་པའི་<< གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣགས་པ་དབལ་གསང་བ་འདུས་པ་དོན་གྱི་རྒྱུད་>>དང་། གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བོན་ལ་བོན་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་<<རྫོགས་ཆེན་ནམ་མཁའ་སྤྱི་གཅོད་>>དང་། དེ་བཞིན་འདོན་ཆོག་རིགས་ལ་<<༧གཡུང་དྲུང་ བོན་གྱི་བཤད་སྒྲུབ་འདུས་སྡེའི་ཞལ་འདོན་>>དང་<<གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདོན་སྐུལ་ཚོགས་བརྒྱའི་གསུང་པོད་>> བཅས་དཔར་བསྐྲུན་གྱི་ལས་འཆར་རྣམས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་ གསེར་སྙན་དུ་གསོལ་འདེབས་ཞུས་དོན་དགོངས་ཁྲོལ་ཐུགས་སྐྱོང་ཟབ་མོ་ཐོབ་པ་དང༌། ལེགས་སོའི་ཤིས་ཚིག་གི་མེ་ཏོག་ཆར་དུ་བསྙིལ་བ་བཅས་རྟེན་འབྲེལ་གྱི་འགོ་བཟུང་བ་སྟེ། རྒྱལ་བསྟན་གསལ་བའི་དགོངས་རྒྱན་དུ་བསྟན་ལ་སྲི་ཞུ་སྒྲུབ་པའི་སྐལ་བཟང་གི་ལས་ལ་ཞུགས་པའོ། །

གླེང་གཞི་དངོས་ཀྱི་དོན།

དེ་ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་<<གསང་དོན་རྣམ་འབྱེད་ འཕྲུལ་གྱི་ལྡེ་མིག་>>ལས།“སེམས་ཅན་ཐར་པར་དྲངས་པ་དང་། །འཁོར་རྣམས་ཡེ་ཤེས་རབ་བསྐྱེད་ཅིང་། ། ལོག་སྡེའི་ཆོ་འཕྲུལ་བཟློག་པའི་ཕྱིར། ། སྤྱི་སྤུངས་གསང་བའི་བོན་སྡེ་བཤད།”། ཅེས་པའི་ལུང་དོན་གདམས་ངག་ཟབ་མོས་སྣེ་དྲངས་ཏེ་འདིར་དགོས་པ་སྐབས་བསྟུན་གྱིས་དངོས་སུ་དཔར་བསྐྲུན་ཞུས་པའི་སྤྱི་སྤུངས་རིན་པོ་ཆེ་གསས་མཁར་གསང་བའི་བོན་སྡེ་རུ་གཏོགས་པ་<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣགས་པ་དབལ་གསང་བ་འདུས་པ་དོན་གྱི་རྒྱུད་>>འདི་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་དུ་གྲགས་ཤིང་། དེ་ཡང་གསང་བ་སྔགས་ཀྱི་བོན་སྡེ་ཐམས་ཅད་ཀྱི་འདུས་གཞི་རུ་གྱུར་བའི་སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ནང་ཚན་ཡབ་རྒྱུད་དུ་གཏོགས་པ་སྟེ། སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་རྒྱས་པ་<<ཨ་ དཀར་ཐེག་པའི་མདོ་>>ལས། “ཐོག་མར་རྩ་བའི་རྒྱུད་གསུམ་ལས། །གསང་བ་འདུས་པ་ཡབ་ཀྱི་རྒྱུད། །གསང་བ་བསེན་ཐུབ་ཡུམ་གྱི་རྒྱུད། །གསང་བ་དོན་འགྲུབ་སྲས་ཀྱི་རྒྱུད།”།ཅེས་པ་དང་། དེ་ཡང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞི་ཅན་ཡིན་པ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གནས་ཕུན་སུམ་ཚོགས་པ་ནི་“འོག་མིན་འདའ་བ་མེད་པའི་ཕོ་བྲང༌། བོན་ཉིད་འགྱུར་བ་མེད་པའི་དབྱིངས།”ཞེས་དང་། འཁོར་ཕུན་སུམ་ཚོགས་པ་ནི་ཡུམ་ནམ་མཁའི་ལྷ་མོ་གསལ་བྱེད་གདོས་བྲལ་མ་དང༌། “གཞན་ཡང་འཁོར་ དུ་གྱུར་པ། གསལ་བ་རང་འབྱུང་དང་། དགེ་ལྷ་གར་ཕྱུག་དང༌། བྱེ་བྲག་དངོས་མེད་དང་། དགའ་བ་དོན་གྲུབ་”ཅེས་དང་། དུས་ཕུན་སུམ་ཚོགས་པ་ནི་“དུས་གསུམ་སྔ་ཕྱི་མེད་པར། འགྱུར་མེད་གདོད་ནས་དག་པར་བཞུགས་སོ་།”།ཞེས་དང༌། བཀའ་ཕུན་སུམ་ཚོགས་པ་ནི་<< གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣགས་པ་དབལ་གསང་བ་འདུས་པ་དོན་གྱི་རྒྱུད་>> ཅེས་སོགས་སྲིད་ པ་གླེང་གཞིའི་ལེའུ་དང་པོ་ནས་གསལ་ཞིང༌། དམིགས་བསལ་སྟོན་པ་ཕུན་སུམ་ཚོགས་པ་ནི་བོན་ལོངས་སྤྲུལ་གསུམ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ནི་སྲིད་པ་གླེང་གཞི་བསྟན་པའི་ལེའུ་དང་པོ་ལས། “བོན་ཉིད་ཀྱི་དབྱིངས་ནས་རྫོགས་ པའི་སྐུར་བསྟན་པས་”ཞེས་འོག་མིན་འདའ་བ་མེད་པའི་ཕོ་བྲང་ནས་སྟོན་པ་ཀུན་ཏུ་བཟང་པོ་རྫོགས་སྐུར་བཞེངས་ནས་བོན་གསུངས་པར་བསྟན་པ་དང༌། དགོངས་དོན་མཛད་ཚུལ་གྱི་ལེའུ་གསུམ་པའི་ནང་ལྷ་མོ་བསེན་ཐུབ་མས་ཞུ་ལེན་ཕུལ་སྐབས་ “ཨེ་མ་སྟོན་པ་ཀུན་ཁྱབ་ཀུན་ཏུ་བཟང་། ཐུགས་རྗེས་འགྲོ་བ་འདྲེན་པའི་གཙོ། མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས་པའི་སྐུ།” གསུངས་པས་གསལ་བར་གོ་ནུས་སོ། །རྒྱུད་དེ་ལ་རྩ་བའི་ལེའུ་སུམ་ཅུ་སོ་གསུམ་དུ་གནས་ཤིང་དེ་ཡང་<<གསས་ མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣགས་པ་དབལ་གསང་བ་འདུས་པ་དོན་གྱི་རྒྱུད་>>ལས།<< སྲིད་པ་གླེང་གཞིའི་ལེའུ་དང་པོ། མཛད་མཁན་དཔོན་གསས་ཀྱི་ལོ་རྒྱུས་བསྟན་པའི་ལེའུ་གཉིས་པ། དགོངས་དོན་མཛད་ཚུལ་གྱི་ལེའུ་གསུམ་པ། སྤྲུལ་པ་མཛད་པའི་ལེའུ་བཞི་པ། བདུད་སྲིན་དྲེགས་པ་བཏུལ་བའི་ལེའུ་ལྔ་པ། སྔགས་ཀྱི་འབྱུང་སྲིད་ཀྱི་ལེའུ་དྲུག་པ། དོན་གྱི་མདོ་རྩ་བསྟན་པའི་ལེའུ་བདུན་པ། ཉམས་ལེན་དོན་གྱི་སྤྱི་སྡོམ་བསྟན་པའི་ལེའུ་བརྒྱད་པ། རྒྱུད་ཀྱི་རྣམ་གྲངས་བསྟན་པའི་ལེའུ་དགུ་པ། དོན་གྱི་སྙིང་པོ་གཞི་མི་འགྱུར་བར་བསྟན་པའི་ལེའུ་བཅུ་པ། འགག་མེད་ཡི་གེ་ བསྟན་པའི་ལེའུ་བཅུ་གཅིག་པ། སྤྲུལ་པའི་ཡི་གེའི་བརྡའ་ཐབས་བསྟན་པའི་ལེའུ་བཅུ་གཉིས་པ། ཞི་བ་དོན་གྱི་མདོ་བསྟན་པའི་ལེའུ་བཅུ་གསུམ་པ། ལས་ཀྱི་གོ་རིམ་བསྟན་པའི་ལེའུ་བཅུ་བཞི་པ། ཁྲོ་བོ་རྒྱུད་ཀྱི་མདོ་རྩ་དོན་དུ་བསྟན་པའི་ལེའུ་བཅོ་ལྔ་པ། བསྐྱེད་པ་རྩ་ཡི་གནས་ཚུལ་བསྟན་པའི་ལེའུ་བཅུ་དྲུག་པ། ཡིག་འབྲུ་གསང་བའི་ རྒྱུ་བཀོད་པ་བསྟན་པའི་ལེའུ་བཅུ་བདུན་པ། ཕྱག་རྒྱའི་བརྡའ་བསྟན་པའི་ལེའུ་བཅོ་བརྒྱད་པ། ཏིང་འཛིན་གྱི་རྒྱུད་བསྟན་པའི་ལེའུ་བཅུ་དགུ་པ། གཉེར་དུ་གཏད་པའི་ ལེའུ་ཉི་ཤུ་པ། བསྙེན་བསྒྲུབ་རྩ་བའི་སྤྱི་སྡོམ་ཚིགས་སུ་བསྟན་པའི་ལེའུ་ཉེར་གཅིག་པ། སྔོན་འགྲོ་ཕྱི་ཡི་བསྙེན་པ་བསྟན་པའི་ལེའུ་ཉེར་གཉིས་པ། ཉེ་བ་ནང་གི་བསྙེན་པ་བསྟན་པའི་ལེའུ་ཉེར་གསུམ་པ། བཅའ་གཞི་ལས་ཀྱི་བསྙེན་པ་གསུམ་བསྟན་པའི་ ལེའུ་ཉེར་བཞི་པ། དཀྱིལ་འཁོར་གཞིའི་བསྒྲུབ་པ་དྲུག་བསྟན་པའི་ལེའུ་ཉེར་ལྔ་པ། ངོ་མཚར་ལམ་གྱི་ཡན་ལག་བསྟན་པའི་ལེའུ་ཉེར་དྲུག་པ། དབང་གི་ཡན་ལག་དྲུག་བསྟན་པའི་ལེའུ་ཉེར་བདུན་པ། ལས་མཐའ་འཕྱོང་གི་རིམ་པ་བསྟན་པའི་ལེའུ་ཉེར་ བརྒྱད་པ། རྟགས་དང་གྲུབ་པའི་ལེའུ་ཉེར་དགུ་པ། རྒྱུད་ཡོངས་སུ་གཏད་པའི་ལེའུ་སུམ་ཅུ་པ། གཏན་ལ་ཇི་ལྟར་དབབ་པའི་ལེའུ་སོ་གཅིག་པ། གནས་གང་ནས་གང་དུ་བསྒྲུབ་པ་བསྟན་པའི་ལེའུ་སོ་གཉིས་པ། བསྟན་པ་གཉེར་དུ་གཏད་པའི་ལེའུ་སོ་ གསུམ་པ། >> བཅས་ལེའུ་སོ་གསུམ་དང་དེའི་སྟེང་དུ་སྒྲུབ་ཐབས་ཆ་ལག་གི་གཞུང་ << གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་བཟློག་པའི་འཁོར་ལོ་ལས་མདེལ་ཁ་གསང་བའི་ཏན་ཏྲ་>> དང་<< གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་རྩོད་པ་བཟློག་པའི་འཁོར་ལོ་ལས་གོ་ཆ་དབལ་གྱི་ཏན་ཏྲ་>> དང་<< གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཁྲོ་བོ་རྩོད་པ་བཟློག་པའི་འཁོར་ལོ་ལས་བསྙེན་སྒྲུབ་ལས་ཀྱི་ཏན་ཏྲ་>>གསུམ་ནི་རྒྱལ་བའི་བཀའ་དབལ་ཁྱུང་ཅན་གྱི་མ་ཡིག་ཏུ་མེད་པས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་ཕྱག་དཔེ་ལྡི་ལི་དཔར་མ་ཅན་དང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འཕྲུལ་དཔར་སྣ་རིང་ཅན་གཉིས་གཅིག་མཐུན་ཐོག ཁྱུང་པོ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་མཐུན་ འགྱུར་གནང་བའི་མ་ཡིག་གསུམ་ཞིབ་བསྡུར་གྱིས་བཀོད་པ་ཡིན།

<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་དབལ་གསང་བ་འདུས་པ་དོན་གྱི་རྒྱུད་>>ཅེས་རྒྱུད་ཀྱི་མཚན་དོན་གྱི་སྐབས་སུ་“དབལ”་དང་“དཔལ”་གཉིས་འབྲི་ ཚུལ་མི་མཐུན་པའི་མ་ཡིག་གཉིས་སུ་བདོག ཁམས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་ཀུན་གྲོལ་ལྷ་སྲས་ཀྱི་འཕྲུལ་དཔར་ཅན་དུ་“དཔལ་”ཞེས་བྲིས་ ཡོད་ལ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཕྱག་དཔེ་སྣ་རིང་ལྡི་ལི་དཔར་མ་ཅན་དང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འཕྲུལ་དཔར་དུ་བཏབ་པའི་བཀའ་བརྟེན་ཁྲོད་ཀྱི་མ་ཡིག་སྣ་རིང་ཅན་གཉིས་དང་ཁྱུང་པོ་ནས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གིས་མཐུན་འགྱུར་གནང་བའི་མ་ཡིག་བཅས་གཅིག་མཚུངས་སུ་“དབལ་”ཞེས་བྲིས་ཡོད། གཞན་ཡང་<<དབལ་གསས་གསང་བ་འདུས་པ་དོན་གྱི་རྒྱུད་>>ཅེས་རྒྱུད་ཀྱི་བསྟན་བྱའི་ཡི་དམ་གྱི་ལྷ་དང་འབྲེལ་ཏེ་“དབལ་གསས་”ཞེས་<<བཀའ་བརྟེན་གྱི་དཀར་ཆག་བློའི་ཐ་རམ་ བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་>>ཏུ་བྲིས་ཡོད་པ་སོགས་མི་མཐུན་པ་དུ་མ་ཡོད་མོད་ འདིར་གཞི་འཛིན་གྱི་མ་ཡིག་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཕྱག་དཔེ་སྣ་རིང་བྱིན་རླབས་ཅན་དེ་གཞིར་བཟུང་ཐོག་“དབལ་”ཞེས་བྲིས་ཡོད།

གཞན་ཡང་གཞུང་འདིའི་མཚུངས་བསྡུར་མ་ཡིག་ལ་གཙོ་བོ་གཞི་འཛིན་ས་ནི་ ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་གཟིགས་དཔེ་ལྡི་ལི་དཔར་མ་སྣ་རིང་ཅན་དེ་ཡིན་ཞིང༌། དེའི་ཐོག་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་ཁྲོད་ ཀྱི་མ་ཡིག་དང༌། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གིས་མཐུན་འགྱུར་གནང་བའི་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་སྒྲིག་གི་པོད་གྲངས་ ༡༥༡ པའི་མ་ཡིག་བཅས། མ་ཡིག་མི་འདྲ་བ་གསུམ་ནང་ཕན་ཚུན་ཞིབ་བསྡུར་གྱིས་བཀོད་ཡོད་ལ། མ་ཡིག་ཕྱི་མ་དེ་ནི་ཁྱུང་པོ་རྩེ་དྲུག་དགོན་གྱི་མཁན་པོ་ལོ་རུ་བསོད་ནམས་འགྱུར་མེད་ཀྱི་ཕྱག་དཔེ་ལག་བྲིས་ཡིག་ནག་ཅན་གཞིར་བཞག་ཡིན་ཞེས་མཇུག་བྱང་དུ་གསལ། དེ་ཡང་མཚུངས་བསྡུར་ཞུ་དག་གི་ལས་རིམ་ཁྲོད། དག་ཆ་ནོར་བ་དང་། མ་ཡིག་ཏུ་གོ་རིམ་འཁྲུག་པ། ཆད་ལྷག་བྱུང་བ། ཞུ་དག་པའི་བསམ་ཚུལ་སོགས་ནི་ཟུར་དུ་གུག་རྟགས་སུ་བཀོད་པ་ལས་གཞི་རྩའི་མ་ཡིག་ལ་སྣོན་འཕྲི་ གང་ཡང་མེད་པར་རང་སོར་བཞག་ཡོད། བཀའ་འགྱུར་དབལ་ཁྱུང་ཅན་དུ་ཡོད་ལ་ མ་ཡིག་ཏུ་མེད་པའི་རིགས་རྣམས་གུག་རྟགས་’’’འདིའི་ནང་བཀོད་ཡོད། ཞུ་སྒྲིག་པའི་བསམ་ཚུལ་དང་དག་བཅོས་ཡི་གེ་རྣམས་གུག་རྟགས་[ ]འདིའི་ནང་བཀོད་ཡོད་པ་བཅས་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་དགོངས་འཇག་འཚལ། དེ་མིན་དཔེར་ན། བལྟ་ན་བསྡུག ཐེབ་མོ། སིང་ལྡིང་ལ་སོགས་ཐ་སྙད་འབྲི་ཚུལ་རྙིང་པའི་ རིགས་རྣམས་ནི་སྲིད་པའི་མཛོད་ཕུགས་ལ་སོགས་པའི་དཔེ་རྙིང་མང་པོའི་ཁྲོད་མཇལ་དུ་ཡོད་པས་བརྡ་རྙིང་གི་མཛེས་ཉམས་དུ་མཐོང་སྟེ་རང་སོར་བཞག་པ་ལས་དག་བཅོས་དང་བསམ་ཚུལ་གང་ཡང་བཀོད་མེད། དེ་ལྟར་ཞུ་སྒྲིག་བྱེད་ཁུལ་གྱི་ལས་རིམ་ཁྲོད་ཤེས་མེད་གོ་རྟོགས་ཀྱིས་མ་འདང་བའི་སྐྱོན་དང་ཤེས་ཀྱང་རྒྱ་ཡན་དུ་ཤོར་བའི་སྐྱོན་ཕྲ་རགས་གང་མང་ཞིག་མཆིས་པ་ལགས་ན་རྣམ་མཁྱེན་དགོངས་པའི་ཀློང་ལ་མཐོལ་བཤགས་བཟོད་གསོལ་ཞུ་བའོ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༤ པའི་རྒྱུན་ལས་ཡིག་ཚང་ནས།

རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་ཀྱི་སྔོན་གླེང་ཆེད་བརྗོད།

རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་ནི། ཀུན་ཏུ་བཟང་པོས་རྫོགས་སྐུ་ཚད་མེད་འོད་ལྡན། དེས་འཕྲུལ་གཤེན་སྣང་ལྡན། དེས་བཟང་ཟ་རིང་བཙུན། དེས་འཆི་མེད་གཙུག་ཕུད། དེས་གསང་བ་འདུས་པ། དེས་སྟག་ལ་མེ་འབར། དེས་ལྷ་གཤེན་ཡོངས་སུ་དག་པ། དེས་རྒྱལ་གཤེན་མི་ལུས་བསམ་ལེགས། དེས་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ། དེས་ནམ་མཁའ་སྣང་བ་མདོག་ཅན། དེས་གྱེར་སྤུངས་དྲན་པ་ནམ་མཁའ། དེས་སྟངས་ཆེན་དམུ་ཚ་གྱེར་མེད་སོགས་ལ་རིམ་གྱིས་བརྒྱུད་ནས། མཐར་སྟངས་ཆེན་ཉིད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་པ་ཞིག་གོ སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་ནི། གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་གནས་ལག རྟ་ཡི་ཟ་མ་རི་རྒྱུད་ཀྱི་གཡས་ཟུར། ཡུལ་འབྲོག་སྡེ་བྱེ་མ་དབྱི་ཕུག་གི་གཤེན་ཚ་རྐོང་ཕུག་ཟེར་བའི་རྐེའུ་ཚང་དུ། ཡབ་དབྲ་རིགས་ཚུལ་ཁྲིམས་སེང་གེ་དང༌། ཡུམ་ལྡོང་རིགས་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ། དུས་རབས་བཅུ་བཞི་པའི་ལྕགས་བྱི་ལོར་ ༡༣༦༠ སྐུ་འཁྲུངས། མཚན་ལ་ནམ་མཁའ་རིན་ཆེན་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་རྩ་གསུམ་ལྷ་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལུས་དང་གྲིབ་མ་བཞིན་དུ་སྐུ་ལ་འཁོར་ཞིང་སྡོང༌། མི་ཡི་སློབ་དཔོན་སོགས་ལ་བསྟེན་མི་དགོས་པར་རིག་འཛིན་མཁའ་འགྲོའི་ལུང་སྟོན་བརྡ་སྟོན་ཙམ་གྱིས་འབྲི་ཀློག་སོགས་ཚེགས་མེད་རང་བརྡོལ་དུ་མཁྱེན། སྤྲུལ་པའི་སྐུ་མཆོག་དེ་ལ་རིག་འཛིན་དཔའ་བོ་དང་དཔའ་མོའི་ཚོགས་རྣམས་ཀྱིས་དབང་བསྐུར་རབ་གནས་མཛད་དེ་གསང་མཚན་བློ་ལྡན་སྙིང་པོ་རུ་གསོལ། མཁའ་སྤྱོད་ཀྱི་ཞིང་ཁམས་རྣམས་སུ་ཡང་ནས་ཡང་དུ་ཕེབས་ཏེ་རིག་འཛིན་དཔའ་བོ་ཕོ་བརྒྱུད་ཀྱི་ཚོགས་དང༌། མཁའ་འགྲོ་མོ་བརྒྱུད་ཀྱི་ཚོགས་རྣམས་དང་འགྲོགས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང༌། བདེ་སྟོང་ཡེ་ཤེས་ཀྱི་རྩལ་སྦྱངས་པ་དང༌། དེ་དག་གི་དྲུང་ནས་ཕྱི་ནང་གསང་བའི་ཟབ་གདམས་ཇི་སྙེད་ཅིག་གསན། སྤྲུལ་པའི་སྐུ་མཆོག་འདི་ལ་ཡང་ཟབ་ཐེག་ཆེན་བོན་གྱི་སྙན་བརྒྱུད་བརྡོལ་བའི་མདོ་སྔགས་སེམས་གསུམ་མཇལ་སྣང་ཞུས་ལན་ཞལ་གདམས་བཅས་ཀྱི་སྐོར་པོད་ཆེན་ལྔ་བཅུ་ང་བཞི་ཙམ་ཞིག་བཞུགས། ཐོག་མར་མདོ་ཡི་སྐོར་ལ། རྒྱལ་བའི་མཛད་པ་རྒྱས་པ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ཞེས་པ་གླེགས་བམ་པོད་བཅུ་གཉིས། དུས་གསུམ་མི་ནུབ་མཚན་མདོ་གླེགས་བམ་པོད་དྲུག ལྷུན་པོ་བརྩེགས་པའི་མདོ་སྡེ་དུམ་པ་གཉིས། བཀྲ་ཤིས་དཔལ་འབར་ཁབ་མདོ་པོ་ཏི་གསུམ། མ་ཏྲི་རིན་ཆེན་སྒྲོན་མ་པོད་གཅིག འབུམ་སྡེ་བ་ག་དབྱིངས་འབུམ་དུམ་པ་བཅུ་གསུམ་མོ། སྔགས་ཀྱི་སྐོར་ལ། དབལ་གསས་རྩོད་ཟློག་རྒྱུད་གཞུང་གི་སྒྲུབ་པ་ཆ་ལག་དང་བཅས་པར་པོད་ཆེན་གསུམ། ཕུར་པ་པོད་གཅིག སྤྱི་འདུལ་གཤེད་དམར་ནག་པོད་གཉིས། རོལ་པ་པོད་གཅིག སྟག་ལ་པོད་གཅིག གསང་མཆོག་རིག་པ་ཁུ་བྱུག་སྒྲུབ་པ་དང་ཐབས་ཆེན་མཁའ་རྒྱུད་གཉིས་ལ་པོད་ཆེན་རེ། དྲན་པ་དང་ནི་མཁའ་འགྲོའི་སྐོར་ལ་པོད་གཅིག དབལ་མོ་དམ་ཅན་སྐོར་ལ་པོད་གཅིག་བཅས་སོ། སེམས་སྡེའི་སྐོར་ལ། རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་གཞུང་ཆ་ལག་དང་བཅས་པ་རྣམས་སོ། གཞན་ཡང་རིག་འཛིན་མཁའ་འགྲོའི་མཇལ་སྣང་གི་སྐོར་དང༌། གནས་བདག་བསྟན་སྲུང་དང་ཡུལ་ལྷ་གཉན་ཆེན་མགུལ་ལྷ་བརྟན་མ་ཡིས་ཞུས་ལན་ཞལ་གདམས་སོགས་ཀྱི་གདམས་སྐོར་མང་དུ་ཡོད་པར་སྣང་ངོ་། །མཐར་དགུང་གྲངས་བཞི་བཅུ་ཞེ་དྲུག་མེ་ཁྱི་ ༡༤༠༦ ལོར་ཚ་བ་སྒང་སྟོད་དུ་ཕེབས་ནས་དགོངས་པ་བོན་དབྱིངས་སུ་གཤེགས། སྤྲུལ་པའི་སྐུ་ཡི་གདུང་ཞུགས་ལ་ཕུལ་བས། ཐུགས་མེ་རྡུག་བཞུགས་ཏེ་ཞི་ཁྲོའི་སྐུ་རང་བྱོན་འཁྲུངས་པ་ཧོར་ཡུལ་ཀླུ་ཕུག་དགོན་གྱི་ནང་རྟེན་དུ་བཞུགས། ལྗགས་ལས་སྨྲ་སེང་གི་སྐུ་རང་འབྱུང་དུ་བྱོན་པ་ཚ་བ་སྒང་སྟོད་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་ཁྲ་རྒན་དགོན་དུ་བཞུགས་སོ། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་དང་མཆོག་གི་སྤྲུལ་སྐུའི་སྐོར་ངོ་སྤྲོད་སྙིང་བསྡུས་འདི་ནི། མཁས་པའི་དབང་པོ་འགྲན་པའི་ཟླ་དང་བྲལ་བ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟན་འབྱུང་བསྐལ་པ་བཟང་པོའི་མགྲིན་རྒྱན་སོགས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན། ད་ལན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཁྱེད་རྣམ་པས་བཤད་སྒྲུབ་སློབ་གཉེར་བའི་ཉམས་ལེན་གྱི་ཆ་རྐྱེན་དང་དཔེ་ཀློག་གི་མཐུན་རྐྱེན་ལ་དམིགས་ཏེ། ཡང་ཟབ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་ཇི་སྙེད་ཅིག་བཞུགས་པའི་ནང་ནས་<<རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་ཀྱི་གཞུང་འགྲེལ་ཆ་ལག་དང་བཅས་པ་>>དཔར་སྐྲུན་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་དང༌། ཁྱད་པར་དུ་རྣམ་དཀར་གྱི་དགེ་རྩ་དྲི་མ་མེད་པ་དེ་ལ་བརྟེན་ནས། སྦྱིན་པའི་བདག་པོ་གཙོས་པའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་ལེགས་ཚོགས་ཟད་མི་ཤེས་པ་འབྱུང་བའི་བཀྲ་ཤིས་པའི་སྨོན་ཚིག་བཟང་པོའི་མཚམས་སྦྱོར་ཞུ་རྒྱུ་བཅས།

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས།

ཚོགས་འདོན་གྱི་དཔར་སྐྲུན་གསལ་བཤད།

ཇི་སྐད་དུ་། “གསུང་རབ་འབུམ་ཕྲག་སྟོང་གསུམ་ཁ་ལོ་བསྒྱུར། ལྐུགས་པ་ཁ་འབྱེད་གྲགས་པས་འཁོར་ལོ་བསྒྱུར། ལྗགས་ཀྱི་རྐན་སྒྲས་ཆེ་བཙན་ཟིལ་གྱིས་གནོན། གཤེན་གླུའི་དབྱངས་ཀྱིས་འགྲོ་དྲུག་སྤྲོ་བ་སྐྱེ། གཤེན་རབ་སྟོན་པའི་གསུང་ལ་ཕྱག་འཚལ་ལོ།།” ཞེས་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་མཆོག་གི་གསུང་ལ་གུས་ཕྱག་སྔོན་དུ་བཏང་ནས། སྤྱིར་སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོ་རྣམས་བོན་སྐུ་བདེ་བ་ཆེན་པོའི་རྒྱལ་ས་ཟིན་པའི་རྒྱུ་དང་། སྒོས་སུ་རང་ཅག་ལ་མེ་ཏོག་བགོས་པའི་བོན་སྐལ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ་དང་། ཡང་སྒོས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བ་དན་དཀར་པོ་མངོན་པར་མཐོ་བ་བཅས་ཀྱི་མཐུན་རྐྱེན་དུ་དམིགས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་འདོན་སྤུས་ལེགས་ཤིག་དཔར་སྐྲུན་གྱི་ལས་འཆར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ འི་སྐབས་ ༤༤ པའི་རྒྱུན་ལས་ཀྱི་ངོས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཡང་ཡང་ཞུས་དོན་དགོངས་འཁྲོལ་ལྷུག་པོར་གནང་བ་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཀྱང་ལེགས་སོའི་ཤིས་ཚིག་གི་མེ་ཏོག་བསྟར་བ་ནས་རྟེན་འབྲེལ་གྱི་འགོ་ཚེས་ཤིང་། རིམ་གྱིས་ལག་ལེན་དུ་བཏབ་སྟེ་གློག་ཀླད་དུ་གཏག་འཇུག་དང་དག་ཐེར་གྱི་ལས་སོགས་རིམ་པར་བརྒྱུད་མཐར། ད་ཆ་དངོས་སུ་དཔར་སྐྲུན་བྱེད་ཐུབ་པ་བྱུང་བ་ནི་སྤྱི་མཐུན་གྱི་ཚོགས་བསགས་འབའ་ཞིག་ལས་གྲུབ་པ་ཡིན་ལ་ཨེ་མ་ངོ་མཚར་ཆེ་བའོ་ཞེས་ཞུ་རྒྱུ་དང་། དེ་ཡང་གཙོ་བོ་དཔེ་གཟུགས་མ་དཔེ་གང་ཡིན་པ་ལ་གཞི་བཅོལ་ནས་དེང་རབས་ཀྱི་བརྡ་དག་དང་ཧ་ཅང་མི་མཐུན་པ་མ་གཏོགས་བཅོས་པའི་ངལ་བ་བརྟེན་མེད་ལ། མཚན་ཉིད་རྩ་གཞུང་སོགས་སླད་མར་བཤད་སྒྲུབ་འདུས་སྡེའི་ངག་རྒྱུགས་སྐབས་གཞི་བཅོལ་ན་ཆོག་པའི་ཚད་ལྡན་ཚུགས་ཐུབ་ཅན་ལ་དམིགས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སོགས་ཀྱིས་རྒྱལ་ས་ལྡི་ལི་ནས་པར་སྐྲུན་ཞུས་པའི་མཚན་ཉིད་རྩ་གཞུང་གཞིར་བཟུང་རང་འགྲེལ་དང་ཊཱིཀྐ་སོགས་ལ་ཞིབ་བསྡུར་གྱིས་སློབ་གཉེར་བ་དང་དགེ་བའི་བཤེས་གཉེན་བཅུ་གྲངས་ཀྱིས་ཞུ་དག་དང་མཐའ་མའི་ཆར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་མཆོག་ནས་ཞིབ་གཟིགས་གནང་ཡོད་པ་བཅས། མདོར་ན་རྒྱལ་བའི་བཀའ་ལས་བྱུང་བའི་གླེགས་བམ་རིན་པོ་ཆེ་ལ་ཚང་དགོས་པའི་ཆ་རྐྱེན། ཕྱི་གསས་ཁང་དཀར་ནག་བཀྲ་གསལ་གྱི་དབྱིབས་ལྡན་ཟ་དྲུག་གིས་མཛེས་པ་ལ། ནང་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་རིན་པོ་ཆེའི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གནད་སོགས་གལ་ཆེ་བར་བཟུང་ཡོད་ཅེས་ཞུ་རྒྱུ་དང་། ང་ཚོར་དཔར་སྐྲུན་གྱི་ལག་ལེན་ཐད་ཉམས་མྱོང་དབེན་ཕྱིར་འགལ་འཁྲུལ་ནོར་གསུམ་ཇི་སྙེད་ཅིག་ཡོད་ངེས་པས་མ་སྲིང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཐོལ་བཤགས་བཟོད་གསོལ་དང་། ལྷག་པར་དུ་ལས་གཞི་འདིའི་འགོ་མཇུག་བར་གསུམ་ལ་མཐུན་རྐྱེན་དཔུང་རོགས་གནང་མཁན་ཡོངས་དང་། མཐའ་མའི་པར་རྩ་དཔེ་གཟུགས་སྒྲིག་བཟོའི་ལས་འགན་ཡོངས་སུ་བཞེས་མཁན་ཁྲི་གཙུག་རྣམ་རྒྱལ་དང་གཡུང་དྲུང་ཉི་མ་ཚེ་དབང་བསྟན་འཕེལ་སོགས་ལ་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཡང་ཁྱད་རྒྱལ་བའི་བཀའ་དྲི་མ་མེད་པ་<<གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་>>ལས། “གང་ཞིག་དད་པ་ལྡན་པའི་གཤེན་རབ་ཀྱིས། བདེར་གཤེགས་སྐུ་གདུང་གསུང་རབ་གང་བཞེང་པ། ངན་སོང་གསུམ་ལས་གཏན་དུ་ཐར་བར་འགྱུར།།” ཞེས་དང་། ཡང་དེ་ཉིད་ལས། “གཤེན་རབ་དགེ་སྤྱོད་བསྟན་པ་ནི། རྣམ་དག་བོན་སྐུ་རྣམ་སྤྲུལ་བའི། འབྲི་དང་འཆང་དང་ཀློག་འདོན་དང་། བཀུར་བསྟི་རིམ་གྲོ་ཕུད་དུད་དང་། ནན་ཏན་ཚུལ་བཞིན་གང་བྱེད་པ། རྣམ་དག་ཡོན་ཏན་ཕུན་སུམ་ཚོགས།།” ཞེས་བསླུ་མེད་ལུང་གིས་ཟིན་པའི་དགེ་བ་སྟོབས་ཆེན་འདི་ཡི་བསོད་ནམས་ཀྱི་ཆར་ལྷག་བསམ་གཏོང་ཕོད་ཀྱིས་ཕྱུག་པ་ཤར་རྒྱལ་མོ་ཚ་བ་རོང་ཚྭ་ལུང་དགོན་པའི་ཛ་རོང་བླ་བྲང་གི་ཛ་རོང་ཤེས་རབ་སྐལ་བཟང་ནས། ལྷ་སྡེ་མི་སྡེ་འབྲོག་ཕྱོགས་ཚོ་བཞི་དང་རོང་ཕྱོགས་ཚོ་དྲུག་ལ་སོགས་པའི་འབྲེལ་ཐོག་གི་ཡོན་བདག་ཕོ་མོ་ཀུན་གཙོར་བྱས་པའི་མར་གྱུར་སེམས་ཅན་ནམ་མཁའི་མཐའ་མཉམ་གྱི་གཤིན་པོ་རྣམས་ལ་བསྔོ་སྨོན་དང་ཚེ་དང་ལྡན་པ་རྣམས་ལ་སྐྱབས་རྟེན་དུ་དམིགས་ཏེ་འདིའི་ལོར་པར་སྐྲུན་བྱས་པའི་དཔེ་ཆ་སྤང་ལམ་མདོ་ལས་<<སངས་རྒྱས་ཞུ་ཆེན་གྱིས་མཛད་པས་མཛོད་ཏྲིག་>>དང་། བསྒྱུར་ལམ་གསང་བ་སྔགས་ལས་<<གསང་འདུས་དོན་རྒྱུད།>> གྲོལ་ལམ་རྫོགས་པ་ཆེན་པོ་ལས་<<ནམ་མཁའ་སྤྱི་གཅོད་>> སོགས་དེབ་གཟུགས་ཅན་གསུམ་དང་དཔེ་གཟུགས་ཅན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་འདོན་ལས་མཚན་ཉིད་རྩ་གཞུང་ཅན་དང་ཡི་དམ་བོན་སྐྱོང་སྲུང་མའི་ཚོགས་མཆོད་རིགས་བཅས་གླེགས་བམ་ལྔ་ཡི་སྦྱིན་བདག་ཆ་ཚང་གནང་འབྱོར་བྱུང་བ་དང་། ཛ་རོང་རིན་ཆེན་ལྷུན་གྲུབ་ནས་ནང་མི་ཉེ་འབྲེལ་ཡོད་དོ་ཅོག་གི་གཤིན་པོའི་དགེ་རྩ་དང་གསོན་པོའི་རིམ་གྲོ་རུ་དམིགས་ནས་ཚོགས་འདོན་གསུང་པོད་ལ་ནབ་བཟའ་གླེགས་ཐུམ་གྱི་དོད་དུ་ཧིན་སྒོར་ ༣༣༣༣༣ ཕུལ་འབྱོར་བྱུང་བ་དང་། གཞན་ཡང་རྟོགས་ལྡན་མཁས་གྲུབ་རིན་ཆེན་ནས་རྔ་བ་བློན་ཚང་ཕོ་ཙྭའི་ལྟག་ཀ་ཚང་གི་ཚེ་རབས་ནས་བསགས་པའི་ལས་ངན་སྡིག་སྒྲིབ་དག་པའི་དགེ་རྩ་དང་ནང་མི་ཡོངས་ཀྱི་བྱ་བ་ལམ་འགྲོའི་ཆེད་ཧིན་སྒོར་ ༡༣༣༣༣ མར་ནང་སྟག་ལ་དང་ལྕགས་མཚོ་སྐྱིད་མིང་སྲིང་གཉིས་ནས་ཕ་འདས་པོ་མར་ནང་ཚེ་མཁར་རྒྱལ་དང་། མ་འདས་མོ་ཚེ་མོ་སྐྱིད་གཉིས་ཀྱི་དགེ་རྩར་དམིགས་ཏེ་ཧིན་སྒོར་ ༡༣༠༠༠ ཤར་ཁོག་མཚོ་འཕེན་རྒྱ་ཨ་གཅོད་ཚང་ནང་མི་ཐུན་མོང་ནས་སེམས་ཅན་ཐམས་ཅད་ལ་བསྔོ་སྨོན་ཆེད་ཧིན་སྒོར་ ༡༣༠༠༠ ཚ་ལུང་མའི་འབྲུག་གསས་ནས་ཕ་མ་སོགས་ཀྱི་དགེ་རྩ་དང་ནང་མི་བུ་ཕྲུག་གི་བྱ་བ་ལམ་འགྲོའི་ཆེད་དུ་དམིགས་ནས་ཧིན་སྒོར་ ༦༠༠༠ ཟིང་ཆུ་དགའ་མལ་དགོན་པའི་དབུ་བླ་ཚབ་ཚ་བླ་མ་བསྟན་པ་གོང་འཕེལ་རིན་པོ་ཆེ་དང་བོན་གོ་མཚོ་མོ་ཐར་རྣམ་གཉིས་ནས་༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རི འི་བཤད་སྒྲུབ་འདུས་སྡེ འི་ཚོགས་འདོན་གསར་པ་པར་སྐྲུན་ལེགས་འགྲུབ་ཀྱི་ཆེད་དུ་ཧིན་སྒོར་ ༥༥༠༠ བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་ནས་ཧིན་སྒོར་ ༥༠༠༠ སྨན་རིའི་དབུ་མཛད་བསོད་ནམས་རབ་བརྟན་ནས་ཧིན་སྒོར་ ༥༠༠༠ ཟིང་ཆུ་འཐེ་བོ་ཚང་ནང་མི་ནས་འཐེ་བོ་བཟའ་གསེར་ཐང་མངའ་མཚོའི་འདས་ཚིག་དང་བསྟུན་དགེ་བསྐུལ་ཆེད་དུ་ཧིན་སྒོར་ ༥༠༠༠ སྤྱང་རུ་དགེ་བཤེས་ཡེ་ཤེས་རྒྱལ་བ་ནས་སྐྱེ་དགུའི་བདེ་རྩའི་ཆེད་དུ་ཧིན་སྒོར་ ༤༠༠༠ ཚ་ལུང་མའི་བསྟན་པ་ཚང་ནས་ནང་མི་ཚེ་ལས་འདས་པ་རྣམས་ལ་བསྔོ་སྨོན་དང་ཚེ་དང་ལྡན་པ་རྣམས་ལ་རིམ་གྲོར་དམིགས་ནས་ཧིན་སྒོར་ ༣༩༩༩ དགེ་བཤེས་སྐལ་བཟང་རྒྱལ་མཚན་དང་བློ་གྲོས་བཟང་མོ་གཉིས་ནས་ཚེ་ལས་འདས་པ་ཕ་དྲིན་ཅན་དྲང་སྲོང་བསྟན་འཛིན་དང་ཟླ་བ་གཤེན་རབ་ཨ་ཁུ་ཚོ་སྲུང་བཅས་ཀྱི་དགེ་རྩར་དམིགས་ནས་ཧིན་སྒོར་ ༢༥༠༠ དགེ་བཤེས་ཤེས་རབ་དཔལ་འཛིན་ནས་ཚེ་ལས་འདས་པ་གཅེན་པོ་ལྷ་གདོང་མཐུ་སྟོབས་ཡེ་ཤེས་དེ་ཉིད་ཀྱི་ཆེད་དུ་ཧིན་སྒོར་ ༢༢༢༢ གྲྭ་ཉི་མ་དབང་རྒྱལ་ནས་མ་པདྨ་དབང་མོ་དང་ཚེ་ལས་འདས་པ་ཕ་དཔེ་སྐྱིད་ཀྱི་དགེ་རྩར་དམིགས་ནས་ཧིན་སྒོར་ ༢༠༠༠ དགེ་བཤེས་ཤེས་རབ་རྒྱ་མཚོ་ནས་ཧིན་སྒོར་ ༡༠༠༠ བཙུན་མ་ཀླུ་དབང་མཚོ་ནས་ཧིན་སྒོར་ ༡༠༠༠ གྲྭ་ཚེ་དབང་ལྷུན་གྲུབ་ནས་ཚེ་འདས་ཕ་ཉི་མ་དབང་ཕྱུག་གི་དགེ་རྩའི་ཆེད་ཧིན་སྒོར་ ༡༠༠༠ JEANMEACHEL ནས་ཧིན་སྒོར་ ༥༠༠ བཅས་གནང་འབྱོར་བྱུང་བ་ལགས་ན་སྦྱིན་པའི་བདག་པོ་དེ་རྣམས་ཀྱི་བསམ་དོན་བོན་བཞིན་ཏུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་དང་། དགེ་བ་བསོད་ནམས་ཀྱི་ལས་དེ་ལ་ངེད་སྐབས་ ༤༤ བའི་ ༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཐུན་མོང་ནས་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་དང་། མཐའ་དོན་ལ་ ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེའི་སྐྱབས་འོག་ནས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ཀྱི་མེ་ཏོག་པད་མའི་ཚལ་ཆེན་ཡོངས་སུ་བཞད་ནས་ཡངས་བའི་ཡུལ་གྲུ་ཀུན་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བ་དན་དཀར་པོ་མངོན་པར་མཐོ་བའི་སྨོན་པ་དང་བཅས་ཐ་ཚན་མུ་ཙུག་སྨར་རོ།།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ འི་སྐབས་ ༤༤ པའི་རྒྱུན་ལས་ཡིག་ཚང་ནས། སྤྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༥ ལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow