དགུན་ཟླ་ར་བའི་གནམ་གང་ནི་བསྟན་པའི་སྲོལ་འབྱེད་ཆེན་མོ་༸རྣམ་འདྲེན་བརྒྱད་པ་༸རྒྱལ་བ་གཤེན་རབ་མི་བོ་མཆོག་མི་རྟག་ཚུལ་བསྟན་པའི་མཛད་པ་བསྐྱངས་པའི་དུས་ཚིགས་ཁྱད་པར་ཅན་ཡིན་པ་ལྟར།


དེ་རིང་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡༠ པའི་ཚེས་ ༣༠ ཉིན་ཏེ་སྤྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ཚེས་ ༣༠ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མི་ལོ་ ༩༨༤༠ འཁོར་བའི་དུས་ཆེན་འཚོགས་གནང་སོང་།


དེ་ཡང་ཐོ་རངས་ཀྱི་དུས་སུ་སྨན་རིའི་གྲྭ་ཚང་གི་འདུལ་ཁང་ཆེན་མོར། ༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་པ་གཉིས་དབུ་བཞུགས་ཐོག དགེ་འདུན་འདུས་མང་ཡོངས་རྣམ་དག་འདུལ་བའི་གསོ་སྦྱོང་དང་དེ་རྗེས་གཤེན་གྱི་དགེ་གྱི་སྤྱོད་རྣམ་པར་དག་པའི་མདོའི་ཆོ་གའི་གཞུང་བསྲངས་གནང་ཡོད་པ་དང་།


ཕྱི་དྲོར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུས་དུས་མང་ཡོངས་ནས་ངན་སོང་དོང་སྤྲུག་གི་སྙིང་པོ་དབྱངས་སུ་གྱེར་བཞིན་སེར་འཕྲེང་གཡས་སྐོར་དུ་ཕེབས་རྗེས། འཚོགས་ཁང་ཆེན་མོའི་མདུན་ཐང་དུ་༸སྐྱབས་རྗེ་སྨན་རིའི་༸ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གནས་འཁོད་དད་ལྡན་སེར་སྐྱ་མིང་མང་ཀུན་ལ་བདུད་རྩིའི་ཚན་གྱིས་ཁྲུས་གསོལ་མཛད་གནང་སོང་།


གཞན་ཡང་བཙུན་དགོན་རཏྣ་སྨན་གླིང་དུ་ཡང་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཆོ་གའི་སྒོ་ནས་འདས་མཆོད་སྲུང་རྩི་དང་། བོན་ཕྲུག་བདེ་དོན་དང་གསོ་རིག་འབུམ་བཞིའི་མཐོ་སློབ་སྨ་རིའི་གླིང་སོགས་ནས་ཀྱང་༸བདག་ཅག་སྟོན་པའི་འད་ས་མཆོད་སྲུང་རྩི་དང་། ཝཱ་ཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་དང་། རྡེ་ར་རྡུན་རྫ་སྨོན་རྒྱལ་དགོན་སོགས་རྒྱལ་ཕྱི་ནང་གང་སར་ཡོད་པའི་བོན་དགོན་དང་། བོན་ཚོགས་ཁག་ནས་ཀྱང་སྟོན་པའི་འདས་མཆོད་འཚོགས་གནང་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། གནས་ཚུལ་གོང་མ་ལས་སྟོན་པའི་རྣམ་ཐར་ཉུང་བསྡུས།

དེ་རིང་དུས་ཚེས་ཁྱད་པར་གྱི་ཉིན། ༸རྒྱལ་བ་སྨན་རིའི་བླ་བྲང་དུ་ ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སྨན་རིའི་གཞི་རིམ་སློབ་ཕྲུག་ཏུ་གསར་ཞུགས་གནང་མཁན་གྱི་ཕྲུག་གུ་གཉིས་དང་། བོན་ཕྲུག་བདེ་དོན་དུ་གསར་ཞུགས་གནང་མཁན་གྱི་སློབ་མ་ཁག་གཅིག བཙུན་དགོན་རཏྣ་སྨན་གླིང་དུ་གསར་ཞུགས་གནང་མཁན་གྱི་བཙུན་མ་གཉིས་བཅས་ལ། ཚེ་རིང་སྐྲ་ཕུད་བཞེས་ཤིང་རྟེན་འབྲེལ་གྱི་མཚན་གསོལ་གནང་ཡོད་པ་དང་། དེ་རྗེས་དུས་མཆོད་ཁྱད་པར་ཅན་གྱི་འཚོགས་གྲལ་དུ་ཞུགས་གནང་སོང་།