གངས་ལྗོངས་མེས་པོའི་རིག་མཛོད་ཅེས་པའི་བོན་གྱི་བཀའ་དང་བཀའ་བརྟེན་དུ་མ་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་གྲངས་བརྒྱ་ལྷག་ཙམ་ཡོད་པ་ཞིག་དེ་རིང་འཛམ་གླིང་དཔེ་ཀློག་གི་ཉིན་མོར་ཐོག་མར་སྒོ་འབྱེད་གནང་ཡོད་པ་ལྟར། འདིར་སྒྲིགས་པ་པོའི་ཆོག་མཆན་དང་ཐུགས་རེ་ལྟར་གངས་ལྗོངས་མེས་པོའི་རིག་མཛོད་ཀྱི་དཔེ་དེབ་དག་རིམ་བཞིན་ངེད་དྲྭ་ཚིགས་སུ་འགོད་རྒྱུ་ཡིན།
གངས་ལྗོངས་མེས་པོའི་རིག་མཛོད་འཕྲུལ་དེབ་གསལ་བཤད།
གངས་ལྗོངས་མེས་པོ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ཕ་སྐད་མ་ཡིག་དང༌། ལོ་རྒྱུས། གྲུབ་མཐའ། རིག་གཞུང༌། ཡུལ་སྲོལ་གོམ་གཤིས། དམངས་ཁྲོད་གླུ་གར་རོལ་རྩེད་བཅས་ཡིད་རྟོན་རུང་བ་ཞིག་མཇལ་རྒྱུ་ཡོད་པ་འདི། ཤེས་རབ་ཀྱི་སྤྱན་དཀྱུས་ཡངས་པའི་མེས་པོ་དམ་པ་ཚོས་ཚེ་སྲོག་དང་རྔུལ་ཆུ་ལ་བརྟེན་ནས་དུས་རབས་ཉེར་གཅིག་པ་དང་ངོ་ཐུག་བྱུང་བ་སྨོས་ཅི། དུས་འདི་ལ་ཡང་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀུན་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་མེ་ཏོག་ཕོག་པའི་ལྷ་སྐལ་དུ་འཁུམས། དེར་དུས་རབས་ཀྱི་འགྲོས་དང་བསྟུན་ཞིང༌། དྲྭ་པའི་ཁོར་ཡུག་ནས་ཐོས་བསམ་འཆད་ཉན་གྱི་མྱོང་རོལ་བྱེད་པར་བརྟེན་ངེད་《གངས་ལྗོངས་མེས་པོའི་རིག་མཛོད་»ཁང་ནས་དེ་བསྟུན་གྱི་རིག་པའི་མཐུན་རྐྱེན་དུ་སྙམ་སྟེ། སྔར་པར་བསྐྲུན་ཟིན་ པའི་《གངས་ལྗོངས་མེས་པོའི་རིག་མཛོད་»དཔེ་ཚོགས་དང་། དེ་བཞིན་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཆ་གང་འབྱོར་འཕྲུལ་དེབ་བཟོས་ཏེ་རིན་མེད་དུ་སྤེལ་འཆར་ལགས་ཤིང་། ད་ལན་འདིར་“བོན་གྱི་ཐེག་པ་ཆེན་པོའི་ས་ལམ་ཞེས་བྱ་བ་”ཞེས་པ་དེ་ཉིད་འཕྲུལ་དེབ་ཏུ་བསྒྱུར་བར། མ་དཔེ་སོག་སྤྲུལ་རྟེན་འགྱུར་ལས་བྱས་པ་ཞིག་ངེད་རྩོམ་སྒྲིག་ཁང་ནས་ཡིག་བསྟར་ཅན་བསླུ་ཉོ་བྱས་ཞིང་། དེང་སྤྱོད་བརྡ་སྤྲོད་གཞུང་ལུགས་སུམ་རྟགས་ཀྱིས་གཞལ་ན་འབྲེལ་སྒྲ་ དང་བྱེད་སྒྲ། ལ་དོན་གྱི་ཕྲད། ལྷག་བཅས་ཀྱི་ཕྲད་གང་བྱུང་དུ་སྤྱོད་པ་ལྟ་བུ་དང༌། ཕྲད་གཞན་དབང་ཅན་ཅེས་ཞེས་ལྟ་བུ་ཐོབ་ཐང་ལྟར་སྤྱོད་མེད་པ་མང་བ་དག་ལ་ལེགས་བཅོས་ངེས་ཅན་ཞིག་བྱེད་དགོས་པ་འདྲ་ཡང་། མ་ཡིག་ཇི་བཞིན་རང་སོར་འཇོག་པ་ལས་ཕྱི་བྱོན་གྱིས་བཅོས་ལྷད་ཤོར་ཚེ་དཔེ་ཪྙིང་གི་རིན་ཐང་བརླག་པ་དང་། གུག་རྟགས་འཇོག་མང་ན་དཔེ་ཀློག་མི་བདེ་ བའི་སྐྱོན་མང་དུ་མཆིས་པར་སྙམ་ཏེ། ཕྲད་དང་རྣམ་དབྱེ་སྦྱོར་སྟངས་ཕལ་ཆེར་མ་ཡིག་གི་ཕྱི་མོ་ ཇི་བཞིན་བཀོད་ཡོད། གཞན་ཡང་ཡིག་ནོར་མངོན་གསལ་ཅན་རྣམས་གུག་རྟགས་༼ ༽འདིའི་ནང་དུ་དག་བཅོས་བྱས་ཡོད་ཅིང་། ཚིག་འབྲུ་ཆད་པ་མིན་ནམ་སྙམ་པ་གུག་རྟགས་ {} འདིའི་ནང་དུ་ཁ་གསབ་དང༌། མ་དཔེ་ལས་ཡིག་ལྷག་ཤོར་བར་དོགས་པ་རྣམས་རྟགས་() འདིའི་ནང་དུ་བཀོད་ཡོད། དེ་ལས་གཞན་དོགས་གཞི་ཡོད་རིགས་རྟགས་“”འདིའི་ནང་དུ་ཇི་བཞིན་བྲིས་ཡོད་ལ། སྨར་ཡིག་དང་དྲག་ཡིག་ཡོད་པ་མ་དཔེ་བཞིན་རང་རང་གི་གནས་སུ་བཀོད་ཡོད། མ་དཔེ་ནང་མཆན་ཆུང་ཡོད་པ་གཞུང་ངོས་སུ་ཡིག་ཆུང་བྱས་ནས་མཆན་བུ་བྱས་ཡོད་པ་བཅས་ཡིན་ལ། དམིགས་བསལ་ཞུ་བྱ་ནི་འཕྲུལ་དེབ་ནང་གི་དཀར་ཆག་གི་མིང་དཀྱུས་སུ་བཀོད་པ་འདི་དག་ནི་རྩོམ་སྒྲིག་པས་གསར་དུ་བསྣན་པ་ཡིན་པ་ཐུགས་འཇགས་འཚལ།
གངས་ལྗོངས་མེས་པོའི་རིག་མཛོད་ཁང་ནས་ཕྱི་ལོ་༢༠༢༥ཟླ་བ་༣པའི་ཚེས་༡༩ཉིན་ཕུལ།