༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་༢༣པའི་དགེ་བཤེས་ཁྲི་བཞེངས་མཛད་སྒོ།

བོད་མེ་རྟ་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཏེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༤ ཉིན།  གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ཉེར་གསུམ་པའི་དགེ་བཤེས་ཁྲི་བཞེངས་མཛད་སྒོ་སྤེལ་ཡོད་པ་རེད།

བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཞོགས་ཚོགས་གྲོལ་རྗེས་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག སྐུ་མགྲོན་ཆེ་ཁག་དང་བོན་གཞིས་རྒན་གཞོན་མང་ཚོགས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས་ཏེ། འཆམ་རའི་ནང་བསྟར་འཕྲེང་བསྒྲིགས་པ་དང་སྦྲགས། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་སྤོས་གླིང་གིས་སྣེ་དྲངས་ཏེ། བཀའ་རམས་པ་དང་མཆོད་སྟེགས་པ་གཉིས་རེ་སྤེལ་ཏེ་གོ་རིམ་བཞིན་འདུལ་ཁང་དུ་ཕེབས་པ་དང་། ཆེད་ཕེབས་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག་གཙོས་སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་འདུ་ཁང་ཆེན་མོ་འཚོགས་ཤིང་། སྔར་མུས་ལྟར་འདུས་མང་གིས་བྱམས་མའི་སྔགས་བསྟོད་གསུངས་ཤིང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་ཞིང་ཇ་མཆོད་གྲུབ་མཚམས།

དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་། བོན་ཕྲུག་བདེ་དོན་སོགས་ཀྱི་བླ་གྲྭ་དགེ་བའི་བཤེས་གཉེན་རྣམས་དང་ལོ་རིམ་གོང་འོག་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ནས་བཀྲ་ཤིས་པའི་རྟགས་གསལ་རྩོད་གནངས་རྗེས། འདུས་མང་ནས་བར་ཆད་ལམ་སེལ་གསུངས་ཏེ་ཚོགས་གྲོལ། ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་དམ་ཐུག་མཆོད་རྗེས་སྔ་དྲོའི་མཛད་རིམ་གྲུབ་ཡོད་པ་དང་།

 ཕྱེད་ཡོལ་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་མཁན་སློབ་བླ་གྲྭ་ལྷན་རྒྱས་འདུལ་ཁང་དུ་བཞུགས་གྲལ་གྲུབ་མཚམས། འདུས་མང་ནས་བྱམས་མའི་སྔགས་བསྟོད་དང་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་དབྱངས་གནང་གནངས་ནས་བཀྲ་ཇ་མཆོད་མཚམས།

ཚོགས་ཆེན་དགེ་སྐོས་ནས་བཀའ་རམས་པ་རྣམས་ལ་ཆབ་ཕུལ་རྗེས་བཀའ་རམས་པ་རྣམས་ཚོགས་གྲལ་ནས་བཞེངས་ཏེ་གུས་ཕྱག་གསུམ་ཕུལ་ཅིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་བཏགས་ཀྱི་ཚིག་བཤད་རབ་དཀར་པད་མོའི་ཕྲེང་མཛེས་རྒྱས་པར་གསུངས་ཏེ་བཀའ་རམས་པ་ཡེ་ཤེས་བཅུ་གསུམ་གྱི་གྲངས་དང་ལྡན་པ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་མཚན་གསོལ། དེ་རྗེས་དགེ་འདུན་འདུས་པ་རྒྱ་མཚོ་ནས་མདོ་ཡན་ལག་བརྒྱད་པ་ལས་ཟུར་དུ་ཕྱུང་བའི་བསྔོ་བའི་ཚིག་བཤད་བདེར་གཤེགས་སྤྱན་དྲངས་བརྗོད།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བསྔོ་བ་བདེ་ལེགས་མ་གསུངས་པ་དང་། དེ་རྗེས་འདུས་མང་ཡོངས་ནས་སྔ་རབས་འདས་པ་སོགས་གསུངས་ཏེ་དམིགས་མེད་བསྔོ་བའི་རྒྱས་འདེབས་ལེགས་པར་མཛད། བཀའ་རམས་པ་རྣམས་ནས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་ཏེ་མཆོད་འབྲུ་གཏོར།

དེ་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་མཆོག་ནས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་དང། བྱིན་ཅན་སྲུང་མདུད་དྲི་མེད་ལྷ་དར་བཅས་གནང་གྲུབ་རྗེས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་ནས་མགུལ་དར་ཕུལ་ཡོད་པ་རེད།

དེ་རྗེས་དགེ་བའི་བཤེས་གཉེན་རྣམས་གྲལ་བར་དུ་ཡར་མར་ཕེབས་མུས་སུ་མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་ཕྲེང་བ་གསུངས་གྲུབ་རྗེས་གུས་ཕྱག་དང་བཅས་རང་གནས་སུ་བཞུགས་ཡོད་པ་རེད། བསླབ་གསུམ་འདུས་པ་རྒྱ་མཚོ་ཡོངས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་གསུངས་གྲུབ་མཚམས། མཛད་སྒོའི་སྐུ་མགྲོན་དུ་ཕེབས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོགས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས་མཛད་སྒོ་ང་འབྲེལ་བའི་གཏམ་བཤད་གནང་ཞིང་འདུས་མང་ནས་བར་ཆད་ལམ་སེལ་གསུང་ཞིང་འཚོགས་གྲོལ།

འདུལ་ཁང་གི་སྒོ་འཁྱམ་དུ་འདུས་མང་རྣམས་ཞལ་ནང་དུ་བསྒྱུར་ཏེ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ལྟར་བསྐོར་བའི་ཡན་ལག་རྒྱས་པར་གསུངས། དེ་ནས་ཐམས་ཅད་འཆམ་རར་ཕེབས་ཏེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་རྣམ་འཇོམས་བྱབ་ཁྲུས་གནང་གྲུབ་པའི་རྗེས་འདུལ་ཆོག་ལྟར་ཉུ་ལེ་བཀར། བདུད་ཟློག་དང་ཞི་གྱུར་བརྗོད། དེ་རྗེས་འདུས་མང་རྣམས་ཞལ་ཡར་ཕྱོགས་ཏེ་སྒོ་འཁྱམ་དུ་འདུལ་ཆོག་སྨོན་ལམ་གསུངས་ཤིང་།

དེ་མཚམས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག། དགེ་འདུན་འདུས་ཚོགས་ཡོངས་ནས་སྐལ་པ་བཟང་ཞེས་ལན་གསུམ་རྗེས་ཟློས་བྱས་རྗེས། ༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་རིམ་བཞིན་སྤོས་གླིང་གིས་སྣ་དྲངས་ཏེ་གཟིམ་ཤག་ཏུ་གདན་འདྲེན་ཞུས་ཤིང་།

དེ་རྗེས་རིམ་གྱིས་སྐབས་ཉེར་གསུམ་པའི་དགེ་བཤེས་རྣམས་སྤོས་གླིང་གིས་མདུན་ནས་བསུས་ཏེ་ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་མངའ་གསོལ་ཁྲི་བཞེངས་དང་འབྲེལ། སེར་སྐྱ་མི་མང་ཡོངས་ནས་བཀྲ་ཤིས་ལྷ་དར་དཀར་པོས་མདུན་ནས་བཏེགས་ཏེ།

བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་པའི་སྒྲ་དབྱངས་དང་བཅས་དར་འབུལ་མཇལ་བཅར་དང་། གསོལ་ཇ་འཁུར་ཟས་སོགས་ལ་རོལ་ཞིང་དགའ་སྟོན་རྟེན་འབྲེལ་གྱི་མཇུག་ལེགས་པར་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow