
སྤྱི་་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༣ པའི་ཚེས ༣ བོད་མེ་རྟ་ལོའི་བོད་ཟླ་དང་པོའི་ཚེས་ ༡༥ སྟེ་བདག་ཅག་གི་སྟོན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ ༡༨༠༤༣འཁོར་བའི་དུས་མཆོད་དང་སྐབས་ ༢༣ པའི་དགེ་བཤེས་མཛད་སྒོའི་ཉིན་ལྔ་པའི་མཛད་རིམ་བསྐྱངས་གནང་སོང་།
དེ་ཡང་ཞོགས་འཚོགས་སྐབས་འདུལ་ཆོག་ཚར་གཅིག་གསུང་གནང་ཡོད་པ་དང་། སྔ་དྲོ་དུས་ཚོད་ ༩།༠༠ ནས་བཀའ་རམས་པ་རྣམས་ཀྱིས་དམ་བཅའི་ཚིགས་བཤད་བློ་རྒྱུགས་ཕུལ། ཕྱི་དྲོ་དུས་ཚོད་༡།༣༠ ནས་ ༥།༠༠ པའི་བར་བཀའ་རམས་པ་བདུན་དམ་བཅར་བཞུགས་ཤིང་རབ་འབྱམས་དགེ་བའི་བཤེས་རྣམས་ཀྱིས་རིམ་པར་རྟགས་གསལ་བརྩོད་གནང་ཞིང་དགོང་མོར་སྟོན་པའི་འཁྲུངས་མཆོད་ཆེན་མོའི་མཆོད་མེ་སྒྲོན་འབུལ་དང་སེར་འཕྲེལ་ནོར་བུ་དགའ་འཁྱིལ་སོགས་བསྐོར་གནང་སོང་།



གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་ ༩:༠༠ སྟེང་། གྲྭ་ཚང་མཆོད་དཔོན་ནས་རྡོ་ཏིང་གི་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་སྣ་རྒྱ་གླིང་གིས་ཕེབས་བསུ་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བཀའ་རམས་པ་སྣང་ཞིག་དངུལ་སྐུ་ལྕགས་མདུད་དྲང་སྲོང་གཙུག་ཕུད་འོད་ཟེར། བཀའ་རམས་པ་བླ་རུ་དྲང་སྲོང་ཚེ་དབང་རིན་ཆེན་རྣམ་རྒྱལ། བཀའ་རམས་པ་མངའ་ཀླུ་དྲང་སྲོང་ངག་དབང་ཤེས་རབ་དབང་ཕྱུག བཀའ་རམས་པ་སྐྱིད་ཚང་དྲང་སྲོང་དགེ་ལེགས་རིག་པའི་ཉི་མ། བཀའ་རམས་པ་ཁྱུང་ལུང་དྲང་སྲོང་ཀུན་བཟང་ཁྲི་གཙུག་རྣམ་རྒྱལ། བཀའ་རམས་པ་ལྷོ་རོང་དྲང་སྲོང་མཚུངས་མེད་བློ་གྲོས་དབང་རྒྱལ། བཀའ་རམས་པ་ཛ་རོང་དྲང་སྲོང་ཤེས་རབ་སྐལ་བཟང་དར་རྒྱས་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཕེབས་བསུ་དང་བཅས་ཚོགས་ཁང་དུ་ཕེབས་ནས་བཞུགས་ཁྲི་དང་བཞུགས་གྲལ་དུ་འཁོད།



དེ་མཚམས་འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་དང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་གྲུབ་མཚམས་ཚོགས་ཆེན་ཞལ་ངོ་ནས་ཉིན་འདིའི་དམ་བཅའ་བ་བཀའ་རམས་པ་རྣམས་ལ་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བསྟན་གཙོའི་མདུན་གྱི་དམ་ཁྲིར་བཞུགས་ཏེ་ དཀའ་ཆེན་གྱིས་ “མཚན་ཉིད་དམ་བཅའི་དབུ་འཆད་པད་དཀར་ཆུན་པོ་” དང་དཀའ་ཆུང་རྣམས་ཀྱིས་”དམ་བཅའི་ཚིག་བཤད་མན་དྷ་ར་བའི་འཕྲེང་བ་”གཉིས་རིམ་བཞིན་ངག་རྒྱུགས་ཕུལ་གྲུབ་མཚམས་བར་ཆད་ལམ་སེལ་གསུང་ཞིང་འཚོགས་གྲོལ།



ཆུ་ཚོད་ ༡༢།༠༠ སྟེང་ཚོགས་བརྡ་དང་བཅས་འདུས་མང་ཚོགས་བཞུགས་ཀྱིས་དམ་ཐུག་ཆེན་མོ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།



ཕྱི་དྲོའི་ཆུ་ཚོད་ ༡།༣༠ སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་གཞན་ཡང་བཀའ་རམས་པ་སོ་སོའི་སྐུ་མགྲོན་དང་སེར་སྐྱ་མི་མང་འདུས་འཚོགས་ཐོག གོང་གསལ་བཀའ་རམས་པ་རྣམས་དགེ་བཤེས་དམ་བཅའ་ཆེན་མོ་འཚོགས་གནང་ཡོད་པ་དང་། འཚོགས་བཞུགས་དགེ་བཤེས་རྒན་རིམ་བཞིན་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་བཏང་གནང་ཞིང་ ༣ པར་གསོལ་ཇ་དང་ཁ་ཟས་བཞེས་གྲུབ་མཚམས་སྐར་མ་ ༡༥ ཙམ་གྱི་རྗེས་ནས་སླར་ཡང་སྔར་ལྟར་གོ་རིམ་བཞིན་རྟགས་གསལ་བཏང་གནང་ནས་དུས་ཚོད་ ༥།༠༠ སྟེང་གྲོལ་ཡོད་པ་རེད། དེ་རྗེས་སྐར་མ་བཅོ་ལྔ་ཙམ་གྱི་རྗེས་འདུས་མང་ཡོངས་ནས་འདུལ་ཆོག་གི་སྒོ་དབྱེ་དང་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ ༢༣ པའི་དགེ་བཤེས་མཛད་སྒོ་ཉིན་བཞི་པ་དེ་ཉིད་མཇུག་གྲུབ་ཡོད་པ་དང་།



དགོང་མོ་འདུལ་ཁང་ཡང་སྟེང་ནས་གཟིམས་བརྡ་བཏང་གྲུབ་པ་དང་། འདུལ་ཁང་ཆེན་མོའི་མདུན་ཐང་དུ་སེར་སྐྱ་མི་མང་ཡོངས་ནས་ངན་སོང་དོང་སྤྲུག་གི་སྙིང་པོ་དབྱངས་སུ་གྱེར་བཞིན་མར་མེའི་གླིང་སྐོར་བྱས། རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་སྤྲི་གོར་བཏུབ་གནང་ཡོད་པ་དང་། སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་དང་ཁ་ཟས་འདེགས་འབུལ་ཞུས་གནང་ནས་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།













