གདན་ས་སྨན་རིའི་གླིང་དུ་ཆོས་རྒྱུད་རིས་མེད་གཞུང་ཆེན་བགྲོ་གླེང་ཐེངས་དགུ་པ་དབུ་འཛུགས་གནང་བ།

རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ བོད་ཟླ་གཉིས་པའི་ཚེས་ ༡༨ ནས་ ༢༢ བར་དང་ཕྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༥ ནས་ ༩ བར་ཉིན་ལྔ་ཡི་རིང་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་༸བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་”ཆོས་རྒྱུད་རིས་མེད་གཞུང་ཆེན་ལྟ་གྲུབ་བགྲོ་གླེང་འཚོགས་གནང་རྒྱུ་ཡིན་པ་ལྟར་

དེ་རིང་ཞོགས་པ་དུས་ཚོད་ ༨ པའི་ཐོག་ཐེངས་འདིའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐུ་མགྲོན་གཙོ་བོ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཆོས་རིགས་དྲུང་ཆེ་བདུད་འདུལ་རྡོ་རྗེ་མཆོག གཞན་ཡང་གདན་ས་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བཙུན་དགོན་རདྣ་སྨན་གླིང་གི་མཚན་ཉིད་མཁན་པོ་མཆོག བོན་གཞིས་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ། བགྲོ་གླེང་གི་གཏམ་བཤད་མཁས་དབང་རྣམ་པ་དང་ཚོགས་བཅར་ཡོངས་ལྷན་འཛོམས་ཐོག་སྐབས་དགུ་པའི་གཞུང་ཆེན་རིས་མེད་བགྲོ་གླེང་དེ་ཉིད་གདན་ས་སྨན་རིའི་གླིང་དུ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་གཙོ་སྐྱོང་འོག ༧དཔལ་གཤེན་སྨན་རིའི་ཚོགས་ཆེན་དབུ་མཛད་མཆོག་ནས་ཚོགས་འདོན་དབུ་འཛུགས་གནང་ནས་གསོལ་ཇ་དང་འབྲས་སིལ་མཆོད་རྗེས། ༧གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་དགེ་ལེགས་ཉི་མ་མཆོག་ནས་རིས་སུ་མ་ཆད་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། བགྲོ་གླེང་གྱི་ཆ་ཤས་བཞེས་མཁན་རྣམས་ལ་བཞེས་ལག་དང་བཞུགས་ཤག་གང་ཅིའི་ཐད་ནས་ཐུགས་འདོད་དང་མཐུན་པ་ཞིག་མ་བྱུང་བ་ཡིན་ཚེ་དགོངས་སེལ་དང་སྦྲགས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཆོས་རིག་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་དཔེ་དེབ་“སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རིས་མེད་ཆོས་ཚོགས་ཐེངས་དང་པོ་ནས་བཅོ་ལྔའི་བར་གྱི་སྟེང་དུ་བསྕལ་གནང་བའི་བཀའ་སློབ་ཕྱོགས་བསྡེབས་བཞུགས་སོ།”ཞེས་པ་དབུ་འབྱེད་གནང་ཞིང་།

དེ་རྗེས་དཔལ་ལྡན་ཆོས་རིག་དྲུང་ཆེ་མཆོག་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གོང་མ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་ཚོགས་བཅར་བ་ཡོངས་ལ་མཚམས་འདྲི་དང་འབྲེལ། དང་པོ་ཆོས་རྒྱུད་རིས་མེད་གཞུང་ཆེན་བགྲོ་གླེང་གི་དམིགས་ཡུལ་དང་ངོ་བོ་སོགས་ཀྱི་སྐོར། གཉིས་པ་སྤྱི་ཡོངས་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེ་ཚུལ་སྐོར། གསུམ་པ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་གལ་ཆེན་ཁག་ངོ་སྤྲོད་བཅས་ཀྱི་སྒོ་ནས་གསུང་བཤད་གནང་ཞིང་།

དེ་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རིས་མེད་བགྲོ་གླེང་འདི་བཞིན། ཆོས་ཚོགས་ཐེངས་ ༡༡ པའི་གྲོས་ཆོད་ཀྱི་དགོངས་དོན་འོག་ནས་བྱུང་བ་དང་། བགྲོ་གླེང་འདི་ཉིད་ཀྱི་བརྒྱུད་ནས་ཆོས་རྒྱུད་ཕན་ཚུན་བར་གོ་རྟོགས་འཕེལ་བ་དང་། རྒྱུས་ལོན་འབྱུང་བའི་ཐབས་ལམ་ཡག་པོ་ཡོང་གི་ཡོད་པ་དང་། ཆོས་རྒྱུད་ཕན་ཚུན་བར་ལ་དག་སྣང་སྦྱོང་བ་སོགས་ཀྱི་ཕན་ཐོག་ཡོད་པས་གལ་ཆེན་ཡིན་སྐོར་དང་།  གཞན་ཡང་ཆོས་ལུགས་མཐུན་འབྲེལ་གྱི་གལ་གནད་སོགས་ཀྱི་སྒོ་ནས་བཀའ་སློབ་གནད་སྨིན་བསྩལ་གནང་མ་ཟད། ནམ་རྒྱུན་ཆོས་རྒྱུད་སོ་སོའི་མཁས་དབང་དང་སྐྱེས་ཆེན་གོང་མ་དག་གི་གསུང་དཔེ་དག་གཟིགས་ཀློག་བྱེད་ནས་སྡོད་པ་ཙམ་ལས་ཆོས་རྒྱུད་གཞན་གྱི་གཞུང་ལུགས་ལ་དེ་ཙམ་གཟིགས་ཞིབ་མ་ཐུབ་ན་ཡང་། བགྲོ་གླེང་འདི་ལྟ་བུའི་བརྒྱུད་ནས་གོ་རྟོགས་ཡོང་བའི་ཐབས་ལམ་ཡག་པོ་ཡོད་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་ཞིང་དེ་རྗེས་ལས་དྲུང་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་ཐུགས་རྗེ་ཆེ་ལེགས་གསོལ་གྱིས་སྔོན་འགྲོའི་མཛད་རིམ་གྲུབ་སོང་།

དངོས་གཞིའི་བགྲོ་གླེང་གི་ཚོགས་ཐུན་དང་པོ་སྔ་དྲོའི་དུས་ཚོད་ ༡༠ དང་སྐར་མ་ ༡༥ ནས་ ༡༡་༡༥ བར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་བསོད་ནམས་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་ཡེ་ཤེས་རྒྱལ་བ་མཆོག་གིས་“ཁམས་བརྒྱད་ཀྱི་བསྟན་དོན་ལ་རགས་ཙམ་དཔྱད་པ་”ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་དང་དེའི་ཐོག་དྲི་བ་དྲིས་ལན་དང་བཅས་བགྲོ་གླེང་གནང་ཡོད་པ་དང་།

དེ་རྗེས་ཚོགས་ཐུན་གཉིས་པ་དུས་ཚོད་ ༡༡་༡༥ ནས་ ༡༢་༡༥ བར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་བསོད་ནམས་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་མཆོག་གིས་“རིག་པའི་ཁམས་ལ་དཔྱད་པ་”ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་གྲུབ་རྗེས། གསོལ་ཚིགས་དང་བར་ཇ་སོགས་གོ་སྒྲིག་གནང་ས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཉིན་གུང་གསོལ་ཚིགས་ལ་རོལ་ཏེ་སྔ་དྲོའི་མཛད་རིམ་གྲུབ་ཡོད་པ་རེད།

ཕྱི་དྲོ་དུས་ཚོད་ ༣་༠༠ པའི་ཐོག་ཚོགས་ཐུན་གསུམ་པ། ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་རཏྣ་སྨན་གླིང་གི་དགེ་བཤེས་མ་ཚུལ་ཁྲིམས་བཟང་མོ་མཆོག་གིས་“སྲིད་པའི་ཁམས་དང་རྒྱུན་ཁམས་གཉིས་ཀྱི་སྐོར་ལ་རོབ་ཙམ་དཔྱད་པ་”ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་།

ཚོགས་ཐུན་བཞི་པ། དུས་ཚོད་༤་༡༥ ནས་ ༥་༡༥ བར་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་གཙོ་སྐྱོང་འོག དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་བསོད་ནམས་རྒྱ་མཚོ་མཆོག་གིས་“ཁམས་ཆེན་པོ་བརྒྱད་ལས་སོ་སོར་གསལ་བའི་ཁམས་དང་རང་རིག་པའི་ཁམས་བཤད་པ་”ཞེས་དཔྱད་རྩོམ་སྒྲོག་སྦྱང་དང་དེའི་ཐོག་བགྲོ་གླེང་གནངས།

དགོང་དྲོའི་ཆུ་ཚོད་ ༧།༣༠ ནས་ ༩།༠༠ བར་མཉམ་ཞུགས་ཚོགས་བཅར་བ་ནང་ཁུལ་དུ་སྡེ་ཚན་ཕྱེ་ནས་ཆོས་རྒྱུད་མི་འདྲ་བ་ཁག་གི་མི་སྣ་མཉམ་འདུས་ཀྱིས་ཐེངས་འདིའི་བརྗོད་གཞི་དང་འབྲེལ་བའི་སྐོར་ནས་བགྲོ་གླེང་གནང་ནས་རིས་མེད་བགྲོ་གླེང་དགུ་པའི་ཉིན་དང་པོའི་མཛད་རིམ་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་བཅས་གནས་བསྡུས་སུ་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow