རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་༸བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་”ཆོས་རྒྱུད་རིས་མེད་གཞུང་ཆེན་ལྟ་གྲུབ་བགྲོ་གླེང་གི་ཉིན་གཉིས་པ་སྟེ་



དེ་རིང་ཞོགས་པ་དུས་ཚོད་བརྒྱད་པའི་ཐོག་ཚོགས་ཐུན་ལྔ་པ། འབོ་དཀར་བཤད་གྲྭ་འོད་འབར་འཆི་མེད་གླིང་གི་མཁན་པོ་འཇམ་དབྱངས་སེང་གེ་མཆོག་གི་གཙོ་སྐྱོང་འོག གདན་ས་བཀྲིས་ལྷུན་པོའི་དཀའ་ཆེན་ལྷ་རམས་པ་རྡོ་རྗེ་རྒྱལ་མཚན་མཆོག་གིས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དབུའི་རྒྱ་གར་སྐད་དུ་ཞེས་པ་ནས་བདེ་བླག་ཏུ་ནི་རྟོག་པ་ཞེས་པའི་བར་གྱི་དཔྱད་རྩོམ་“བློ་དམན་མཆོད་བརྗོད་ལ་མཇུག་པའི་ཐེམ་སྐས་དང་པོ་བཞུགསོ་”ཞེས་པའི་ཐོག་ས་བཅད་མཚན་དོན་དང་འགྱུར་ཕྱག་བཤད་པ། བཤད་པ་ལ་མཇུག་པའི་མཆོད་བརྗོད་བཤད་པ། མཁྱེན་གསུམ་གྱིས་དོན་མངོན་པར་རྟོགས་པ་བརྒྱད་བསྡུས་ཚུལ་བཤད་པ། བསྟན་བཅོས་འདིའི་དགོས་འབྲེལ་ངག་བཤད་པ་དང་བཞིའི་སྒོ་ནས་གསུང་བཤད་དང་དེའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་དྲི་བ་དྲིས་ལན་གྱི་བགྲོ་གླེང་གནང་ཞིང་།



ཚོགས་ཐུན་དྲུག་པ། འབོ་དཀར་བཤད་གྲྭ་འོད་འབར་འཆི་མེད་གླིང་གི་མཁན་པོ་འཇམ་དབྱངས་སེང་གེ་མཆོག་གི་གཙོ་སྐྱོང་འོག འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་པོ་ཟླ་བ་ཤར་པ་མཆོག་གིས་བརྗོད་གཞི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལས། “སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ།” ཞེས་པའི་བར་གྱི་བསྟན་དོན་ལྟར་སེམས་བསྐྱེད་ཀྱི་སྐོར་ལ་དཔྱད་རྩོམ་སྒྲོག་སྦྱང་དང་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་མཚམས་དུས་ཚོད་ ༡༠ ནས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་དང་མཉམ་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་གཞན་ཡང་༸གདན་ས་སྨན་རིའི་དགེ་བཤེས་དང་སློབ་གཉེར་བ་དག་གིས་དཔར་སྐྲུན་གནང་བའི་ཕྱག་དཔེ་བཤམས་སྟོན་གནང་བཞིན་པ་ལ་ཚོགས་བཅར་བ་རྣམས་ཀྱིས་ཐུགས་སྣང་དང་གཟིགས་ཞིབ་གནང་།



དུས་ཚོད་ ༡༠་༡༥ ནས་ ༡༡་༡༥ བར་ཚོགས་ཐུན་བདུན་པ། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ཚེ་དབང་རྡོ་རྗེ་མཆོག་གི་གཙོ་སྐྱོང་འོག ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རཱའི་སྐྱོར་དཔོན་བྱམས་པ་རྒྱ་མཚོ་མཆོག་གིས་“སྨིན་ཅིང་དག་པར་བྱེད་པའི་གདམས་ངག་གི་སྤྱི་དོན་ལ་དཔྱད་པ་ཞུགས་སོ།” ཞེས་པའི་དཔྱད་རྩོམ་ཐོག སེམས་བསྐྱེད་བཤད་པའི་འོག་ཏུ་གདམས་ངག་འཆད་པའི་རྒྱུ་མཚན་མཚམས་སྦྱར་བ། ཐེག་ཆེན་གྱི་གདམས་ངག་ནོད་པའི་རྟེན། རྒྱུ་གང་ལ་བརྟེན་ནས་ནོད་པ། ཡུལ་གང་ལ་ནོད་པ། ནོད་བྱ་གདམས་ངག་གི་ངོ་བོ། དུས་ནམ་གྱི་ཚེ་ནོད་པའི་ས་མཚམས། དགོས་པ་ཅིའི་དོན་དུ་ནོད་པ་དང་བདུན་གྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་།



དུས་ཚོད་ ༡༡་༡༥ ནས་ཚོགས་ཐུན་བརྒྱད་པ། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ཚེ་དབང་རྡོ་རྗེ་མཆོག་གི་གཙོ་སྐྱོང་འོག ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་འཁོར་གླིང་གི་དགེ་བཤེས་པ་སངས་འཕྲིན་ལས་མཆོག་གིས་“ཕར་ཕྱིན་མདོ་ལུགས་མ་ལས་བཏུས་པའི་ངེས་འབྱེད་ཡན་ལག་གི་སྐོར་བློ་གསར་འཐད་ལྡན་”ཞེས་པའི་དཔྱད་རྩོམ་ཐོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ཚན་གྱི་སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཡན་ལག་བཤད་པ་ལ་རྩ་བར་ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །ཞེས་གསུངས་པའི་དགོས་དོན་དང་འབྲེལ་སྤྱི་དོན་དང་ཡན་ལག་གི་དོན་གཉིས་ཀྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་བར་གསེང་གནང་ཞིང་།



དེ་རྗེས་ཕྱི་དྲོའི་དུས་ཚོད་ ༣་༠༠ ནས་ཚོགས་ཐུན་དགུ་པ། འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ཐུགས་རྗེ་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ཚེ་དབང་རྡོ་རྗེ་མཆོག་གིས་“ཅི་ཞིག་ལ་རིགས་དང་བདེ་གཤེགས་སྙིང་པོ་ཟེར།”ཞེས་པའི་དཔྱད་རྩོམ་སྒྲོག་སྦྱང་དང་དེའི་ཐོག དང་པོ། སངས་རྒྱས་ཀྱི་བཀའ་དང་རྒྱ་གར་མཁས་པའི་གཞུང་ལས་ཇི་ལྟར་བསྟན་ཚུལ། གཉིས་པ། དཔལ་ལྡན་ས་སྐྱ་པའི་མཁས་པ་གོ་ཤཱཀ་རྣམ་གཉིས་ཀྱི་ཇི་ལྟར་བཞེད་ཚུལ། གསུམ་པ། རང་ཉིད་ཀྱིས་གོ་ཤཱཀ་གཉིས་ཀྱི་བཞེད་པ་མཐོང་ཚུལ་བཅས་ཀྱི་སྒོ་ནས་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་རྗེས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་དང་།



དེ་རྗེས་ཚོགས་ཐུན་བཅུ་པ། འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ཐུགས་རྗེ་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག འབོ་དཀར་བཤད་གྲྭ་འོད་འབར་འཆི་མེད་གླིང་གི་མཁན་པོ་འཇམ་དབྱངས་སེང་གེ་མཆོག་གིས་དཔྱད་རྩོམ་དང་འབྲེལ་མཐོང་ལམ་རྒྱུད་ལ་སྐྱེ་ཚུལ་བཤད་པ་དང་། འགོག་ལམ་གཉིས་ཀ་ཆོས་ཉིད་ཡིན་མིན་རྣམ་པར་བཀྲོལ་བ། ཟག་བཅས་སྒོམ་ལམ་དང་ཟག་མེད་སྒོམ་ལམ་གྱི་ཁྱད་པར་འབྱེད་པ་བཅས་གྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་ཞིང་དུས་ཚོད་ ༥་༡༥ ནས་ཉིན་གཉིས་པའི་བགྲོ་གླེང་གི་གཏམ་བཤད་ལས་རིམ་གྲུབ་ཡོད་པ་དང་། དེ་རྗེས་དུས་ཚོད་ ༧ པ་ནས་མཉམ་ཞུགས་པ་ནང་ཁུལ་གྲོས་བསྡུར་གནང་སྟེ་རིས་མེད་བགྲོ་གླེང་ཐེངས་དགུ་པའི་ཉིན་གཉིས་པའི་མཛད་རིམ་ཡོངས་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།












