རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་༸བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་”ཆོས་རྒྱུད་རིས་མེད་གཞུང་ཆེན་ལྟ་གྲུབ་བགྲོ་གླེང་གི་ཉིན་གསུམ་པ་དེ་རིང་ཞོགས་པ་དུས་ཚོད་བརྒྱད་པའི་ཐོག་



ཚོགས་ཐུན་བཅུ་གཅིག་པ། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རཱའི་སྐྱོར་དཔོན་བྱམས་པ་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཕུལ་སྒྲུབ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་གིས་དཔྱད་རྩོམ་“སྐབས་གསུམ་པ་གཞི་ཤེས་ཀྱི་སྐོར་”ཞེས་པའི་སྐབས་བབ་ཀྱི་བརྗོད་བྱ་མངོན་རྟོགས་རྒྱན་སྐབས་བརྒྱད་ཀྱི་ནང་ཚན་སྐབས་གསུམ་པ་གཞི་ཤེས་ཀྱི་སྐོར་ལ། འབྲེལ་བཀོད་པས་མཚམས་སྦྱར་བ་དང་། སྤྱིར་བཤད་བ། བྱེ་བྲག་ཏུ་སྐབས་འདིའི་བསྟན་བྱའི་གཙོ་བོའི་གཞི་ཤེས་ངོས་འཛིན་ལ་དཔྱད་པ། མཚོན་བྱེད་ཀྱི་ཆོས་དང་བོ་དྲུག་ལ་དཔྱད་པ། མཇུག་ཏུ་བསྔོ་བ་དང་ལྔ་ཡི་སྒོ་ནས་གསུང་བཤད་དང་དེའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་དྲི་བ་དྲིས་ལན་གྱི་བགྲོ་གླེང་གནང་ཞིང་།



ཚོགས་ཐུན་བཅུ་གཉིས་པ། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རཱའི་སྐྱོར་དཔོན་བྱམས་པ་རྒྱ་མཚོ་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བསྟན་འཛིན་ཚེ་གཡང་མཆོག་གིས་དཔྱད་རྩོམ་“ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ལས་འཕྲོས་པའི་ངེས་པ་ལྔ་ལྡན་ལ་དཔྱད་པའི་མཛོད་”ཅེས་པའི་ཐོག མདོ་བརྒྱུད་བསྟན་བཅོས་རྣམས་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་ཚུལ་གཉིས་ཀྱི་སྒོ་ནས་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་མཚམས་དུས་ཚོད་ ༡༠ ནས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་གནང་།



དུས་ཚོད་ ༡༠་༡༥ ནས་ ༡༡་༡༥ བར་ཚོགས་ཐུན་བཅུ་གསུམ་པ། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་འཁོར་གླིང་གི་དགེ་བཤེས་པ་སངས་འཕྲིན་ལས་མཆོག་གི་གཙོ་སྐྱོང་འོག རྡ་ས་རིགས་ལམ་སློབ་གཉེར་ཁང་གི་བློ་བཟང་རྒྱལ་མཚན་མཆོག་ནས། དཔྱད་རྩོམ་བརྗོད་གཞི་བཅུ་པ་མངོན་རྟོགས་རྒྱན་གྱི་སྐབས་བཞི་པ་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར། ཞེས་པ་ནས། དྲུག་ཏུ་ངེས་པར་རྟོགས་པར་བྱ། ཞེས་པའི་བར་ལས་བསྟན་པའི་སྦྱོར་བའི་སྒོ་ནས་མདོ་ལས་གསུང་ཚུལ་དང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་ཚུལ། འཕགས་ཡུལ་གྱི་སློབ་དཔོན་དང་བོད་ཀྱི་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་བཅས་ཀྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་།



དུས་ཚོད་ ༡༡་༡༥ ནས་ ཚོགས་ཐུན་བཅུ་བཞི་པ། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་འཁོར་གླིང་གི་དགེ་བཤེས་པ་སངས་འཕྲིན་ལས་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་བྱང་ཆུབ་ཆོས་གླིང་གི་འཇམ་དབྱངས་ཆོས་སྐྱིད་མཆོག་གིས་དཔྱད་རྩོམ་“མཚན་མཚོན་སྐོར་ཅུང་ཟད་བཤད་པ་”ཞེས་པའི་ཐོག་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་བར་གསེང་གནང་།





ཕྱི་དྲོར་༸གདན་ས་སྨན་རིའི་གླིང་གི་ཁོར་ཡུག་ ༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་དང་། ༸རྒྱལ་བ་སྨན་རིའི་ཚོགས་ཁང་ཆེན་མོ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་ཁུངས་༸གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། མུ་ཁྲི་བཙད་པོ་ཞང་བོད་རིག་གཞུང་སློབ་གཉེར་ཁང་གི་རིག་པའི་གནས་ལྔའི་སྡེ་ཚན་གྱི་འགྲེམ་སྟོན། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བཙུན་དགོན་རདྣ་སྨན་གླིང་སོགས་དགོན་གྱི་ཕྱི་ནང་འཁོར་ཡུག་ལ་མཆོད་མཇལ་དང་གནས་གཟིགས་གནང་སྟེ་ཉིན་གསུམ་པའི་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་གཡུང་དྲུང་བོན་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།















