གདན་ས་སྨན་རིའི་གླིང་དུ་འཚོགས་བཞིན་པའི་ཆོས་རྒྱུད་རིས་མེད་གཞུང་ཆེན་བགྲོ་གླེང་ཐེངས་དགུ་པའི་ཉིན་བཞི་པ།

རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་༸བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་”ཆོས་རྒྱུད་རིས་མེད་གཞུང་ཆེན་ལྟ་གྲུབ་བགྲོ་གླེང་གི་ཉིན་བཞི་པ་སྟེ་དེ་རིང་ཞོགས་པ་དུས་ཚོད་བརྒྱད་པའི་ཐོག

ཚོགས་ཐུན་བཅོ་ལྔ་པ། བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བསྟན་འཛིན་ཚེ་གཡང་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་སྐྱོར་དཔོན་ཀུན་བཟང་ལྷ་མོ་མཆོག་གིས་དཔྱད་རྩོམ་“ཕྱིར་མི་ལྡོག་པའི་རྟགས་ལ་དཔྱད་པ་”ཞེས་པ་དང་འབྲེལ་བརྗོད་བྱ་ཕྱིར་མི་ལྡོག་པའི་སྐོར་ལ་འདིར་བསྟན་སློབ་པ་ཕྱིར་མི་ལྡོག་པའི་གང་ཟག་ངོས་བཟུང་བ། ཚོས་ལམ་པ་འདིར་བསྟན་ཕྱིར་མི་ལྡོག་པར་མ་བཞག་པའི་རྒྱུ་མཚན་བཤད་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་དོན་དང་དེའི་དབྱེ་བ་ངོས་བཟུང་བ་བཅས་ཀྱི་སྒོ་ནས་རྩོམ་ཤོག་སྒྲོག་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་།

ཚོགས་ཐུན་བཅུ་དྲུག་པ། བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བསྟན་འཛིན་ཚེ་གཡང་མཆོག་གི་གཙོ་སྐྱོང་འོག ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་སློབ་དཔོན་ངག་དབང་བཀྲིས་མཆོག་གིས་དཔྱད་རྩོམ་“རྣམ་རྟོག་བཞི་ལ་དཔྱད་པ་རྗེ་བཙུན་འཇམ་མགོན་གྱི་ཞལ་ལུང་”ཞེས་པའི་ཐོག་ནས་མངོན་རྟོགས་རྒྱན་གྱི་སྐབས་ལྔ་པར་ཐེག་ཆེན་མཐོང་ལམ་རྩེ་སྦྱོར་གྱི་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་སྒོ་ནས་རྣམ་རྟོག་གི་དོན་ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པ་དང་། རྣམ་རྟོག་གི་དཀའ་བའི་གནད་ལ་དཔྱད་པ་སྟེ་རྩ་བའི་ས་བཅད་གསུམ་གྱི་ཐོག་ནས་གསུང་བཤད་དང་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་མཚམས་དུས་ཚོད་ ༡༠ ནས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་གནང་།

དུས་ཚོད་ ༡༠་༡༥ ནས་ ༡༡་༡༥ བར་ཚོགས་ཐུན་བཅུ་བདུན་པ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་པོ་ཟླ་བ་ཤར་པ་མཆོག་གི་གཙོ་སྐྱོང་འོག ཞྭ་ལུ་དགོན་པའི་དགེ་བཤེས་ལྷ་རམས་པ་རྣམ་རྒྱལ་མཆོག་གིས་དཔྱད་རྩོམ་“རྟེན་འབྲེལ་རྩོམ་ཤོག་”ཞེས་པ་ལ་རྟེན་འབྲེལ་སྤྱིའི་རྣམ་གཞག་དང་།  བྱེ་བྲག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་གཉིས་ཀྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་།

དུས་ཚོད་ ༡༡་༡༥ ནས་ཚོགས་ཐུན་བཅོ་བརྒྱད་པ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་པོ་ཟླ་བ་ཤར་པ་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་སློབ་དཔོན་མ་པ་སངས་ལྷ་མོ་གུ་རུང་མཆོག་གིས་དཔྱད་རྩོམ་“མཐར་གྱིས་པའི་སྦྱོར་བའི་སྐོར་ལ་དཔྱད་པ་བློ་དམན་བྱིས་པའི་རི་མོ་”ཞེས་པའི་ཐོག་སྐབས་དྲུག་པ་མཐར་གྱིས་པའི་སྐོར་མདོ་དང་བསྟན་བཅོས་ནས་བསྟན་ཚུལ། མཚན་ཉིད། དབྱེ་བ། ས་མཚམས་ལ་བཞེད་པ་མི་འདྲ་ཚུལ། རྟོགས་པ་བརྟན་པར་བྱེད་ཚུལ། བརྟན་པ་ཐོབ་པའི་ཚད། རྣམ་པ་གོ་རིམ་ངེས་ཅན་དུ་སྒོམ་པའི་དོན། ཉམས་ལེན་གཅིག་ལ་ཀུན་བསྡུས་ཚུལ། མཐར་གྱིས་པའི་སྦྱོར་བའི་དགོས་པ་བཅས་ཀྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་བར་གསེང་གནང་ཞིང་།

དེ་རྗེས་ཕྱི་དྲོའི་དུས་ཚོད་ ༣་༠༠ ནས་ཚོགས་ཐུན་བཅུ་དགུ་པ། ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་སློབ་དཔོན་ངག་དབང་བཀྲིས་མཆོག་གི་གཙོ་སྐྱོང་འོག ཇོ་ནང་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་བསྟན་འཛིན་བཟང་པོ་མཆོག་གིས་དཔྱད་རྩོམ་“སྐད་ཅིག་མའི་སྦྱོར་བར་དཔྱད་པ་ངེས་དོན་རབ་གསལ་”ཞེས་པའི་ཐོག་ནས་སྐད་ཅིག་མའི་སྦྱོར་བ་ལ་མདོར་བསྟན་དང་རྒྱས་པར་བཤད་པ་གཉིས་ཀྱི་སྒོ་ནས་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་རྗེས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་དང་།

ཚོགས་ཐུན་ཉི་ཤུ་པ། ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་སློབ་དཔོན་ངག་དབང་བཀྲིས་མཆོག་གི་གཙོ་སྐྱོང་འོག འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ཐུགས་རྗེ་རྒྱ་མཚོ་མཆོག་གིས་དཔྱད་རྩོམ་“མངོན་པར་རྟོགས་པའི་རྒྱན་གྱི་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་སྟོན་པའི་ཚིག་དོན་ཅུང་ཟད་གསལ་བཀྲོལ་” ཞེས་པ་དེ་ལ་སྐབས་ཀྱི་རྩ་བ་གང་ལས་འཕྲོས་པའི་བཤད་བྱ་རྩ་བའི་མདོ་འགོད་པ་དང་། རྩ་བའི་ཚིག་དོན་བཤད་པ།  འཕགས་སེང་སོ་སོའི་བཞེད་པ་འགོད་པ།  སྐབས་དོན་གྱི་དོགས་དཔྱོད་དང་བཅས་ཀྱི་སྒོ་ནས་གསུང་བཤད་དང་ཚོགས་བཅར་བས་དྲི་བ་དྲིས་ལན་གནང་ཞིང་དུས་ཚོད་ ༥་༡༥ ནས་ཉིན་བཞི་པའི་བགྲོ་གླེང་གི་གཏམ་བཤད་ལས་རིམ་གྲུབ་ཡོད་པ་དང་།

དེ་རྗེས་དུས་ཚོད་ ༧ པ་ནས་མཉམ་ཞུགས་པ་ནང་ཁུལ་གྲོས་བསྡུར་གནང་སྟེ་རིས་མེད་བགྲོ་གླེང་ཐེངས་དགུ་པའི་ཉིན་བཞི་པའི་མཛད་རིམ་ཡོངས་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow