རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་ལས་ཁུངས་དང་༸བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་”ཆོས་རྒྱུད་རིས་མེད་གཞུང་ཆེན་ལྟ་གྲུབ་བགྲོ་གླེང་གི་ཉིན་ལྔ་པ་སྟེ་དེ་རིང་ཞོགས་པ་དུས་ཚོད་བརྒྱད་པའི་ཐོག

ཚོགས་ཐུན་ཉི་ཤུ་རྩ་གཅིག་པ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཕུལ་སྒྲུབ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་གི་གཙོ་སྐྱོང་འོག བཙུན་དགོན་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་གི་སློབ་དཔོན་མ་ངག་དབང་དབྱངས་སྐྱིད་མཆོག་གིས་དཔྱད་རྩོམ་“ལོངས་སྐུའི་མཚན་དཔེ་”ཞེས་པའི་ཐོག སྤྱིར་སྐུའི་རྣམ་བཞག་བཤད་པ་དང་། བརྗོད་བྱ་དངོས་དང་། མཇུག་ཏུ་བསྔོ་བ་གསུམ་གྱི་སྒོ་ནས་གསུང་བཤད་དང་དེའི་ཐོག་བགྲོ་གླེང་གནང་།



ཚོགས་ཐུན་ཉི་ཤུ་རྩ་གཉིས་པ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཕུལ་སྒྲུབ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་གི་གཙོ་སྐྱོང་འོག དཔལ་སྤུངས་ཤེས་རབ་གླིང་གི་སློབ་དཔོན་ཆོས་ཀྱི་འགྱུར་མེད་མཆོག་གིས་དཔྱད་རྩོམ་“གནས་ཚུལ་དང་སྣང་ཚུལ་གྱི་སྤྲུལ་སྐུ་ལ་དཔྱད་པ་མི་བསྐྱོད་རྒྱལ་བའི་རྗེས་སུ་འཇུག་པའི་གཏམ།་”ཞེས་པའི་ཐོག མངོན་རྟོགས་རྒྱན་ལས། “གང་གི་སྲིད་པ་ཇི་སྲིད་པར་” ཞེས་སོགས་སྐབས་ཀྱི་གཞུང་ལས་བསྟན་པ་ལྟར་སྤྱིར་སྤྲུལ་པ་ལ་གཉིས་ཏེ་སྐྱེ་ནས་ཐོབ་པ་དང་། སྒོམ་པ་ལས་བྱུང་བ་གཉིས་ཀྱི་སྒོ་ནས་གསུང་བཤད་དང་གོང་ལྟར་ཆུ་ཚོད་གཅིག་གི་རིང་བགྲོ་གླེང་གནང་གྲུབ་མཚམས་དུས་ཚོད་ ༡༠ ནས་སྐར་མ་བཅོ་ལྔའི་རིང་གསོལ་ཇའི་བར་གསེང་གནང་།




དུས་ཚོད་ ༡༠་༡༥ ནས་ ༡༢་༡༥ བར་ཚོགས་ཐུན་ཉི་ཤུ་རྩ་གསུམ་པ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་ཡེ་ཤེས་རྒྱལ་བ་མཆོག་དང་དཔལ་སྤུངས་ཤེས་རབ་གླིང་གི་སློབ་དཔོན་ཆོས་ཀྱི་འགྱུར་མེད་མཆོག་གཉིས་ཀྱི་གཙོ་སྐྱོང་འོག་བགྲོ་གླེང་གནང་སྟེ་ཚོགས་བཅར་མ་རྣམས་ཀྱིས་གསུང་བཤད་པ་རྣམས་ལ་དྲི་བ་དྲིས་ལན་གྱིས་སྤྱི་ཡོངས་ཀྱི་བགྲོ་གླེང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་བར་གསེང་གནང་ཞིང་།



དེ་རྗེས་ཕྱི་དྲོའི་དུས་ཚོད་ ༢་༣༠ ནས་ དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་གཙོ་སྐྱོང་འོག ཚོགས་བཅར་བ་དང་གསུང་བཤད་གནང་མཁན་རྣམ་པ་ཚོགས་ཁང་དུ་བཞུགས་གྲལ་འཁོད་གྲུབ་མཚམས་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དགུ་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ཚོགས་ཁང་དུ་གདན་ཞུས་གནང་ཞིང་།


གསུང་བཤད་གནང་མཁན་གྱི་དགེ་འདུན་པའི་སྐུ་ཚབ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཕུལ་སྒྲུབ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་དང་བཙུན་མའི་སྐུ་ཚབ་བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་བསྟན་འཛིན་ཚེ་གཡང་མཆོག་ནས་བགྲོ་གླེང་སྐབས་ཀྱི་མྱོང་ཚོར་དང་མ་འོངས་ལམ་སྟོན་གྱི་དགོངས་འཆར་དང་



ཚོགས་བཅར་བའི་དགེ་འདུན་པའི་སྐུ་ཚབ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་རི་རྒྱལ་བསྟན་པ་མཆོག་དང་བཙུན་མའི་སྐུ་ཚབ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་བཙུན་མ་དགེ་ལྡན་བཟང་མོ་གཉིས་ནས་བགྲོ་གླེང་སྐབས་ཀྱི་མྱོང་ཚོར་དང་མ་འོངས་ལམ་སྟོན་གྱི་དགོངས་འཆར་གསུང་

དེ་རྗེས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱིས་དཔལ་གཤེན་བསྟན་སྨན་རིའི་གླིང་ལ་དྲན་རྟེན་གྱི་ཕྱག་རྟགས་ཤིག་སྐུ་མགྲོན་གཙོ་བོམཆོ་གི་ཕྱག་ནས་གསོལ་བསྩལ་གནང་ཞིང་


དེ་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་མཆོག་ནས་བགྲོ་གླེང་སྐབས་སུ་དཔྱད་རྩོམ་དང་གསུང་བཤད་གནང་མཁན་རྣམ་པར་ཆོས་རིག་ལས་ཁུངས་ཀྱི་ལེགས་སྐྱེས་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་གཏམ་བཤད་པ་རྣམས་ལ་སྟོན་པའི་ཐེག་འགྲེལ་རྩ་འགྲེལ་གཉིས་དང་། སྟོན་པའི་མཛད་རྣམས་འབྲིང་པོ་མདོ་གཟིར་མིག་གི་དཔེ་དེབ་རེ་ཕུལ་གནང་ཞིང་། དེ་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་སློབ་དཔོན་མཆོག་ནས་མཐུན་འགྱུར་རམ་འདེགས་གནང་མཁན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལས་བྱེད་རྣམ་པར་ཆོས་རིག་ལས་ཁུངས་ཀྱི་ཐུགས་རྗེ་ལེགས་འབུལ་གྱི་ལེགས་སྐྱེས་བསྩལ་གནང་གྲུབ་རྗེས།

སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྤྱིར་ཆོས་རྒྱུད་སོ་སོའི་མཁས་པ་དག་གི་གསུང་རབ་ལས་ལྟ་བའི་བཞེད་ཚུལ་ཇི་ལྟར་ཡོད་མེད་དང་།ཁྱད་པར་དུ་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་ངོ་སྤྲོད་གནང་བ་དང་། གཞན་ཡང་ཆོས་རྒྱུད་ཁག་གི་བླ་མ་གོང་མ་དག་མང་པོ་ཞིག་ངོས་བཟུང་གིས་དེ་དག་གི་ཡབ་གཞིས་བོན་ནས་ཡི་ཚུལ་སོགས་དང་འབྲེལ་ནས་“ཆོས་རྒྱུད་གཞན་པའི་ཐོག་མར་དབུ་གཙུག་མང་ཆེ་བའི་ཁྱིམ་ཚང་དེ་བོན་པོ་རེད་འདུག་བ་ ཡབ་བོན་པོ་རེད། བུ་ཁ་ཁ་རེད་མ་གཏོགས་པ། ང་ཚོ་ཚང་བ་ཕ་དང་བུ་དང་ཡི་འབྲེལ་བ་རེད་འདུག དེ་ཡིན་དུས་བུ་ཡིས་ཕ་ལ་བརྩི་མཐོང་དང་། ཕ་ཡིས་ཕ་ལ་བྱམས་སྐྱོང་བྱེད་དགོས་རེད། དེ་ཡིན་དུས་གཅིག་གིས་གཅིག་ལ་སྡང་བ་བྱེད་དགོས་པའི་རྒྱུ་མཚན་རྩ་བ་ནས་ཡོད་མ་རེད་བསམ་གྱི་འདུག དེ་ཡིན་དུས་མ་འོངས་པ་ཡིན་ཡང་བགྲོ་གླེང་དེ་འདྲ་མུ་མཐུད་ནས་འགྲོ་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་མ་ཟད། ཕན་ཚུན་གཅིག་གིས་གཅིག་ལ་སྐྱོད་འཛུག་མི་བྱེད་པ་དང་། ལྷག་པར་དེང་སང་དུས་རབས་ཉེར་གཅིག་པའི་དྲྭ་རྒྱའི་དུས་རབས་ཡིན་དུས་དྲྭ་རྒྱའི་ནང་ཆོས་ལུགས་ཕན་ཚུན་གཅིག་གིས་གཅིག་ལ་སྐྱོན་འཛུགས་མི་བྱེད་པ་གལ་ཆེ་”ཚུལ་དང་། སྐྱེས་ཆེན་གོང་མ་དག་གིས་རིས་མེད་ཀྱི་དག་སྣང་གནང་ཕྱོགས་ལ་མིག་དཔེ་ཡར་ལྟ་བྱེད་ནས་བཟང་ཕྱོགས་ལྟ་དགོས་ཚུལ་སོགས་ཀྱི་འཀའ་སློབ་ཟབ་རྒྱས་བསྩལ་གནང་གྲུབ་མཚམས།


ཚོསག་ཆེན་དབུ་མཛད་ཆེན་མོས་འདོན་པ་དབུ་འཛུགས་ཀྱིས་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་གྲུབ་མཚམས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ན་བསྔོ་བ་བདེ་ལེགས་མ་གསུངས་གནང་བ་དང་། དེ་རྗེས་གསོལ་ཇ་འདེགས་འབུལ་ཞུས་ཤིང་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཆོས་རྒྱུད་རིས་མེད་གཞུང་ཆེན་བགྲོ་གླེང་ཐེངས་དགུ་པ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།










