གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་བྱས་ཤིང་། དེ་ཡང་གཡུང་དུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་དང་རིག་གནས་སྡེ་ཚན་གྱིས་འགན་ཁུར་ཐོག་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ བོད་མེ་རྟ་ལོའི་བོད་ཟླ་གསུམ་པའི་ཚེས་ ༦ ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༤ པའི་ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ ༣༠ ནས་བདུན་པའི་བར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༤ པ་འཚོགས་གནང་ཡོད་ཅིང་།
དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བཤད་སྒྲུབ་དུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་དང་བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་ཚང་འཛོམས་ཀྱིས་

ཐོག་མར་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་ཐོག་བགྲོ་གླེང་དབུ་འཛུགས་གནང་ཞིང་། གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས་རྫོགས་ཆེན་སློབ་གཉེར་བ་ནམ་མཁའ་རྒྱལ་མཚན་ལགས་ནས་“གསས་གདན་གདིང་བའི་སྐོར་ངོ་སྤྲོད་རགས་ཙམ་”ཞེས་པའི་བརྗོད་གཞི་དང་འབྲེལ་ནས་དང་པོར་བྱུང་ཁུངས་དང་བྱུང་དུས། གཉིས་པ་བཟོ་བྱེད་ཀྱི་རྒྱུ་ཆ། གསུམ་པ་ཁ་དོག བཞི་པ་དབྱིབས་དང་ཆགས་ཚད། ལྔ་པ་བེད་སྤྱོད་བྱེད་ཚུལ། དྲུག་པ་མིང་གི་རྣམ་གྲངས། བདུན་པ་ཕན་ཡོན་དང་ཉེས་བཅས་ས་བཅད་བདུན་གྱི་སྒོ་ནས་གསུང་བཤད་སྐར་མ་བཅོ་ལྔ་དང་། དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད་པ་རེད།

དེ་རྗེས་གཏམ་བཤད་པ་གཉིས་པ་འདུལ་བ་འཛིན་གྲྭའི་སློབ་གཉེར་བ་མི་འགྱུར་རྒྱལ་མཚན་ལགས་ནས་ “བོན་གྱི་ཚད་མེད་རྣམ་བཞིའི་སྐོར་”ཞེས་པའི་བརྗོད་གཞིའི་ཐོག་ཚད་མེད་བཞི་བཀའ་དང་བཀའ་བརྟེན་ལས་ཇི་ལྟར་བསྟན་པའི་ཚུལ། ཚད་མེད་བཞིའི་ངོ་བོ། ཚད་མེད་བཞིའི་ས་མཚམས། ཚད་མེད་བཞིའི་དམིགས་པ་དང་ཕན་ཡོན་བཅས་ཀྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་མིག་དམར་བཀྲ་ཤིས་ལགས་ནས་བརྗོད་གཞི་“སྡོང་པོ་”ཞེས་པའི་ཐོག་ལ་ ༡སྐད་ཡིག་མི་འདྲ་བའི་ཐོག་ནས་སྡོང་པོའི་མིང་ཇི་ལྟར་ཡིན་ཚུལ། ༢སྡོང་པོའི་ཕན་ནུས། ༣ སྡོད་པོ་བཅད་བྲེག་བྱས་པའི་སྐྱོན། ༤སྡོང་པོ་བཏབ་པའི་དགེ་མཚན། ༥འཛམ་གླིང་གི་སྡོང་པོའི་གྲངས་ཚད་སོགས་ཀྱི་སྒོ་ནས་སྐར་མ་བཅོ་ལྔར་གསུང་བཤད་དང་

དེ་རྗེས་དྲི་དྲིས་ལན་གནང་ཞིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེངས་ཐེངས་ ༢༤ པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།










