སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་མཆོག་བཀྲ་ཤིས་གཡུང་དྲུང་གླིང་གི་དགོན་པའི་དབུ་བླ་རུ་ཁྲི་བཞེངས་གནང་བ།

དེ་རིང་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་རང་ཤར་མཆོག་ཤར་ཁོག་“སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་”གི་དགོན་པའི་དབུ་བླ་རུ་ཁྲི་བཞེངས་གནང་སོང་།

དེ་ཡང་ཤར་ཁོག་“སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་”དགོན་པའི་འདུས་སྤྱི་ནས་༧རྒྱལ་བ་སྨན་རིའི་བླ་བྲང་ལ་སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་རང་ཤར་མཆོག་༸ཤར་ཁོག་སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་དགོན་པའི་དབུ་བླ་རུ་ཁྲི་བཞེངས་གནང་རྒྱུར་གསོལ་འདེབས་ཞུས་དོན་བཞིན་བླ་མ་ཁྲི་པའི་ཁྲི་བཞེངས་ཀྱི་ལམ་སྲོལ་ལྟར།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་༠༥ པའི་ཚེས་༣༡ དང་བོད་མེ་རྟ་ལོའི་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥  ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༨་༣༠ སྟེང་༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གིས་གོ་སྒྲིག་འོག སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་མཆོག སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་༸རྒྱལ་བ་སྨན་རིའི་འདུལ་ཁང་ཆེན་མོར་གདན་འདྲེན་གྱིས་ཤར་ཁོག་“སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་”གི་དགོན་པའི་དབུ་བླ་རུ་མངའ་གསོལ་གནང་ཡོད་པ་དང་། རིམ་པར་༸རྒྱལ་བ་སྨན་རིའི་བླ་བྲང་དང་། སྨན་རིའི་གྲྭ་ཚང་དང་། བོད་ཀྱི་བོན་པོ་ཚོགས་པ་སོགས་བོད་ཕྱི་ནང་གི་དགོན་སྡེ་དང་ཚོགས་པ་ཆེ་ཆུང་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམས་དང་།

འབྲེལ་ཡོད་མི་སྣ་བཅས་ཀྱིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་དར་འབུལ་ཞུས་གྲུབ་མཚམས། སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་འདུས་སྤྱི་ནས་འདུས་མང་ཡོངས་ལ་མང་ཇ་དང་སེར་སྐྱ་མི་མང་ཡོངས་ལ་འབྲས་སེལ་དང་གསོལ་ཇ་འདེགས་འབུལ་གནང་ཞིང་ཁྲི་བཞེངས་ཀྱི་མཛད་རིམ་རྣམས་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་གྱི་ལོ་རྒྱུས་མདོར་བསྡུས།

སྨན་རིའི་དགེ་བཤེས་སྣང་ཞིག་དངུལ་སྐུ་ལྕགས་མདུད་གཙུག་ཕུད་འོད་ཟེར་རང་ཤར་ནི་ཕྱི་ལོ་ ༡༩༨༧ ཟླ་ ༠༧ ཚེས ༠༥ ཉིན་གངས་ཅན་བོད་ཀྱི་ཤར་ཕྱོགས་སུ་ཆགས་པའི་གསང་སྔགས་མ་རྒྱུད་ཀྱི་གནས་རི་བྱང་ཕྱོགས་ཟིང་ཆུ་ནགས་རིང་ཞེས་པའི་རི་ཞོལ་ཤར་དུང་རི་དཀར་པོའི་ཉེ་འཁྲིས་སུ་ཁྲི་སྐྱོང་སྟོད་སྨད་བར་གསུམ་ལས་སྨད་པ་ཚོ་བཞིའི་ཡ་གྱལ་ནང་ཚན་ཨ་གླིང་གྲོང་སྡེའི་སྣང་ཞིག་དངུལ་སྐུ་ལྕགས་མདུད་ཚང་ཞེས་བྱ་བའི་ཁྱིམ་གཞིས་སུ། མདོ་སྨད་འཕགས་པ་རྣམ་གསུམ་ནང་ཚན་སྟོད་འཕགས་ཆེན་མོའི་གདུང་སྲས་ཡབ་སྣང་ཞིག་ཟླ་རྒྱལ་དང་ཡུམ་རྨེའུ་བཟའ་མཚོ་དགའ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་གཙུག་ཕུད་འོད་ཟེར་གསོལ། མིང་སྲིང་བདུན་ལས་ལྔ་བ་ཡིན་ལ།
ཕྱི་ལོ་ ༡༩༩༤ ལོར་རང་ལོ་བརྒྱད་ནས་ལོ་ངོ་ལྔ་ཙམ་རིང་། རང་གི་གྲོང་སྡེའི་རྒྱ་ཡིག་སློབ་གྲྭ་ནས་རྒྱ་ཡིག་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༩ ལོར་རང་ལོ་བཅུ་གསུམ་ཐོག་རིན་སྤུངས་བཀྲིས་སྨིན་གྲོལ་གླིང་གི་རྟོགས་ལྡན་གཡུང་དྲུང་བློ་གྲོས་མཆོག་གི་སྐུ་མདུན་ནས་འདོན་ཀློག་འབྲི་གསུམ་ལ་འབད་པར་བྱས། ཕྱི་ལོ་ ༢༠༠༣ ལོར་རང་ལོ་ ༡༧ སྐབས་བྱང་བྱ་དུར་དགའ་མལ་དགོན་ཆེན་མདོ་སྔགས་བཤད་སྒྲུབ་གླིང་དུ་ལོ་གསུམ་རིང་སྒྲུབ་གྲྭར་ཞུགས་སྐབས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་སྐྱང་སྤྲུལ་དྲི་མེད་འོད་ཟེར་དང་དགའ་མལ་དགོན་ཆེན་ཀྱི་མཁན་རིན་པོ་ཆེ་གཡུང་དྲུང་དབང་རྒྱལ་མཆོག་དང་མདོ་སྔགས་བཤད་སྒྲུབ་གླིང་གི་སློབ་དཔོན་ཆེན་མོ་ཤེས་རབ་ཚུལ་ཁྲིམས་དང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམ་གྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་ལ་སོགས་མི་ཉུང་བར་ཐོབ། ཕྱི་ལོ་ ༢༠༠༧ ལོར་རང་ལོ་ ༢༢ ཐོག་སློབ་སྦྱོང་ཁོ་ན་ལ་དམིགས་ཏེ་འཕགས་པའི་ཡུལ་ཆེན་ཧེ་མ་ཅལ་མངའ་སྡེའི་སྣོད་བཅུད་ཀྱི་སྙིང་པོར་སྨིན་ས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་།གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་པ་བཟང་པོར་སྨིན། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་༧རྒྱལ་བ་སྨན་རི་བའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས་ཤིང་། ཚུལ་མིང་གཙུག་ཕུད་འོད་ཟེར་རང་ཤར་བཏགས་སོ། དེ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་འཆད་རྩོད་རྩོམ་གསུམ་ལ་འབད། ༢༠༢༣ ལོར་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་གླིང་དུ་ཞུགས་ནས་ཉམས་ལེན་ལ་བརྩོན། ༢༠༢༦ ལོར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རི་པོ་ཆེ་མཆོག་རྣམ་གཉིས་ཀྱི་སྐུ་མདུན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་མཐར་ཕྱིན་ན་ཏེ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གནང་བའི་གནས་ཚུལ་མདོ་ཙམ་བསྡུས་པའོ། ལོ་རྒྱུས་འདི་ཉིད་དོ་བདག་འབྲེལ་ཡོད་ནས་ཇི་ལྟར་བྲིས་པ་ལས་དྲྭ་ཚིགས་གཙོ་སྒྲུབ་པས་བཟོ་གང་ཡང་བྱས་མེད།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow