གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་བྱས་ཤིང་། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོན་བྱས་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།


ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ པའི་ཚེས་ ༧ ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༥ པ་འཚོགས་གནང་ཡོད་ཅིང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥།༣༠ ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པ་གཉིས་དབུ་བཞུགས་ཀྱིས་བཤད་སྡེའི་དགེ་རྒན་རྣམ་པ་དང་གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་ཚང་འཛོམས་ཐོག ཐོག་མར་རིག་གནས་འགན་འཛིན་འཇིགས་མེད་དབང་རྒྱལ་གྱི་གཙོ་སྐྱོང་དང་བཅས་བགྲོ་གླེང་དབུ་འཛུགས་གནང་ཞིང་།

གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་བཤད་སྒྲུབ་རྒྱལ་མཚན་ལགས་ནས་བརྗོད་གཞི་“ཕྱི་ཡི་ཐེག་པའི་སྐོར་རོབ་ཙམ་དང་རང་ལུགས་ཀྱི་ཐེག་དགུ་རང་རང་གི་ཁྱད་པར་སྐོར་ནས་རབ་ཙམ་ཞུ་རྒྱུ་”ཞེས་པའི་ཐོག་ནས། ཕྱི་ཡི་ཐེག་པའི་སྐོར་རོབ་ཙམ་སྤྱི་བཤད་དང་། ཐེག་དགུ་རང་རང་གི་ལྟ་སྤྱོད་སོགས་འབྲེལ་ནས་གཏམ་བཤད་སྐར་མ་བཅོ་ལྔ་དང་། དྲི་བ་དྲི་ལན་སྐར་མ་བཅོ་ལྔ་བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད་པ་རེད།

དེ་རྗེས་གཏམ་བཤད་པ་གཉིས་པ་འཛིན་རིམ་བར་མའི་ཁོངས་ནས་འདུལ་བ་འཛིན་གྲྭའི་སློབ་གཉེར་བ་འཕྲིན་ལས་རྒྱལ་མཚན་ལགས་ནས་ “བལ་ཡུལ་གྱི་ཁོངས་གཏོགས་སུ་ཡོད་པའི་བོན་པོའི་དགོན་པ་དང་གནས་རི་ཁག་གི་ངོ་སྤྲོད་”ཅེས་པའི་བརྗོད་གཞི་དང་འབྲེལ་ནས་ ༡ གློ་ཡུལ་དུ་ཡོད་པའི་བོན་དགོན་དང་གནས་རི་ཁག་གི་སྐོར། ༢ དོལ་པོའི་བོན་དགོན་དང་གནས་རི་ཁག་གི་སྐོར། ༣ དོལ་པོ་ལས་གཞན་པའི་ས་ཁོངས་སུ་ཡོད་པའི་དགོན་པ་དང་གནས་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཞིང་མཇུག་གྲུབ་ཡོད་པ་རེད།

དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་སློབ་གཉེར་བ་དཀོན་མཆོག་འོད་ཟེར་ལགས་ནས་“དར་ལྕོག་གི་སྐོར་”ཞེས་པའི་བརྗོད་བྱའི་ཐོག་ནས་ ༡ དར་ལྕོག་གི་ཐ་སྙད་མི་འདྲ་བ་དང་དར་ལྕོག་ཅེས་པའི་ཚིག་གི་གོ་དོན་སྐོར། ༢ དར་མཚོན་སྣ་ལྔས་ག་རེ་མཚོན་གྱི་ཡོད་མེད། ༣ དར་ལྕོག་དང་ཀླུང་རྟའི་སྟེང་གི་རི་མོའི་སྐོར། ༤ དར་ལྕོག་བཙུག་པའི་ཕན་ཡོན། ༥ དར་ཆེན་དང་དར་ལྕོག་འཛུག་པའི་དུས། ༦ དར་ལྕོག་འཛུགས་པའི་གནས་སོགས་ཀྱི་སྒོ་ནས་གསུང་བཤད་གནང་ཡོད་པ་དང་།

དེ་འབྲེལ་གྱི་དྲི་བ་དྲིས་ལན་དང་བཅས་བོད་མེ་རྟ་ལོའི་བོད་ཟླ་བཞི་པའི་བགྲོ་གླེང་དངོས་སུ་མཇུག་གྲུབ་ཡོད་པ་བཅས་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།










