༸ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་ཨ་རིར་གནས་ཆགས་པའི་བོན་ཚོགས་རྣམས་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དུ་མས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱིར་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྒོས་འབྲེལ་ཆགས་དད་ལྡན་སློབ་འབངས་ཡོངས་ཀྱི་ཆེད་དུ་ ༧རིན་པོ་ཆེ་མཆོག་ནུབ་ཕྱོགས་ཨ་རིར་བསྟན་འགྲོའི་མཛད་དོན་དུ་ཆེད་ཕེབས་གནང་བ་ལྟར།



ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣༠ ཉིན་ཨ་རིའི་ནེའུ་ཡོག་ཏུ་ཞབས་སོར་བཀོད་གནང་ཞིང་། དེ་ནས་ས་གནས་ནེའུ་ཡོག་ (New York) དང་ནེའུ་འཇར་སིའི་ (New Jersey) ས་གནས་དད་ལྡན་མི་མང་རྣམས་ལ་མཇལ་ཁ་དང་ཚེ་སྒྲུབ་ཀྱི་བཀའ་དབང་གནང་།



ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཕྱི་དྲོར་ཨ་རིའི་ནེའུ་ཡོག་ནས་ཁ་ལི་ཧྥོར་ནི་ཡ་(California)མངའ་སྡེའི་སན་ཧྥུ་རན་སིས་ཀོ (San Francisco)གྲོང་ཁྱེར་གྱི་གནམ་ཐང་དུ་ཞབས་སོར་བདེ་བར་བཀོད་གནང་ཞིང་། གནམ་ཐང་དུ་ལིག་མི་ཀྱའི་བོན་ཚོགས་ཀྱི་དབུ་འཛིན་དགེ་བཤེས་བསྟན་འཛིན་དབང་རྒྱལ་མཆོག་དང་། གཡུང་ལིན་དགོན་པའི་ (Yun Lin Temple) དབུ་འཛིན་མཁའ་འགྲོ་གཡུང་དྲུང་དབང་མོ་ (Crystal Chu) གཙོས་པའི་དད་ལྡན་རྣམས་ཀྱིས་ཕེབས་བསུ་ཞུས།



ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༦ ནས་ ༡༡ བར་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་སན་ཧྥུ་རན་སིས་ཀོ་གྲོང་ཁྱེར་དུ་རྟེན་གཞིར་བྱས་པའི་གཡུང་ལིན་དགོན་པའི་ (Yun Lin Temple) དབུ་འཛིན་མཁའ་འགྲོ་གཡུང་དྲུང་དབང་མོ་ (Crystal Chu) གཙོས་དད་ལྡན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། གནས་འཁོད་མི་མང་ཡོངས་ལ་ཚེ་དབང་བྱ་རི་མ་དང་སངས་རྒྱས་སྨན་ལྷའི་བཀའ་དབང་། གཞན་ཡང་བོན་ཁྲིད་འགའ་ཞིག་ཀྱང་བསྩལ་གནང་མཛད་པ་སོགས་ཡོངས་གྲུབ་ནས་མཇུག་བཀྲ་ཤིས་སྨོན་ལམ་གྱི་མཐའ་བརྒྱན་གནང་།


དེ་རྗེས་ཡོན་ཡོན་ཤེས་ཡོན་ཐེབས་རྩ་ཚོགས་པས་ (YYEF) ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་ ༦ ཚེས་ ༡༡ ཉིན་ས་གནས་ཀྱི་ཉིན་རྒྱབ་ཙམ་ལ་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་སན་མ་ཐེ་ཨོ་ (San Mateo) རུ་ཡོད་པའི་ཡོན་ཡོན་ཤེས་ཡོན་ཐེབས་རྩ་ཚོགས་པར་ (YYEF) ཆེད་ཕེབས་ཀྱིས་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་དང་། སྐབས་དེར་ཚོགས་པའི་དབུ་འཛིན་རྗེ་བཙུན་མ་ (Jetsun Ma) གཙོས་དགེ་སློབ་ཡོངས་ནས་ ༧སྐྱབས་རྗེ་མཆོག་ལ་ཕེབས་བསུ་དང་བཅས་མཇལ་བཅར་ཞུས་གནང་།



དེ་རྗེས་ཨ་རིའི་པིས་བྷར་ (Pittsburgh) རྒྱལ་སྤྱིའི་གནམ་ཐང་བརྒྱུད་འོལ་མོ་གླིང་བོན་ཚོགས་སུ་ཆེད་ཕེབས་གནང་སྟེ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་ཨ་རིའི་བོན་ཚོགས་འོལ་མོ་གླིང་གི་དབུ་འཛིན་བསྟན་པ་བླ་མ་དང་ཨེ་རིས་སི་ (Iris) གཉིས་ཀྱིས་ལོ་གཅིག་ཡར་སྔོན་ནས་འབད་བརྩོན་བྱས་ཏེ། ཨ་རིའི་གཞུང་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་གྲུབ་ཟིན་པའི་རྗེས། གསར་དུ་འཛུགས་པའི་སྨན་རིའི་ཁྲི་འཛིན་ཐེབས་རྩའི་དབུ་འབྱེད་དང་། མ་འོངས་པའི་ལས་དོན་བྱ་ཕྱོགས་སོགས་ཀྱི་ཐད་བཀའ་སློབ་དང་གྲོས་བསྡུར་གནང་།


ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༨ ཉིན། སྐྱབས་རྗེ་མཆོག་ནེའུ་ཡོག་ས་གནས་སུ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་ཞིག་ཏུ་ཆེད་ཕེབས་ཀྱིས་རང་ནུས་གང་ཐུབ་ཀྱིས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པ་དང་། བྱམས་བརྩེའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཕན་ཚུན་རོགས་རམ་དང་མཉམ་རུབ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བའི་བཀའ་སློབ་བསྩལ། དེ་རྗེས་སློབ་ཕྲུག་འགས་བོན་གྱི་རིག་གཞུང་དང་། མཐོ་སྒང་བོད་ཀྱི་གནས་སྟངས་སྐོར་སོགས་ལ་དྲི་བ་ཞུས་པར་བཀའ་ལན་གནང་།


བོན་ཚོགས་འོལ་མོ་གླིང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༠ ཉིན་ ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་ཨ་རིའི་འོལ་མོ་གླིང་བོན་ཚོགས་སུ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་གནང་མཛད།


ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ཉིན། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཨ་རིའི་ནེའུ་ཡོག་གི་བོན་གཤེན་གླིང་དུ་དད་ལྡན་མང་ཚོགས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ་གནང་མཛད་པ་དང་། གཞན་ཡང་ཨ་རིའི་ནེའུ་ཡོག་གི་བོན་གྱི་ཐེབས་རྩ་ཚོགས་པའི་རྒྱུན་ལས་གསར་རྙིང་དབར་གྱི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་དབུ་བཞུགས་ཀྱང་གནང་།


ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༡ ཉིན། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གིས། ཁེ་ན་ཌ་ནས་ཆེད་དུ་ཕེབས་པའི་དད་ལྡན་མཇལ་བཅར་བ་རྣམས་ལ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། གཡུང་དྲུང་བོན་ནི་མེས་པོ་གོང་མ་རྣམས་ཀྱིས་རིམ་བཞིན་བདག་གཉེར་མཛད་ཡོང་བའི་གྲུབ་མཐའ་ཞིག་ཡིན་ལ། འགྲོ་བ་ཀུན་ལ་ཕན་བདེ་སྒྲུབ་པའི་ཆོས་ལུགས་ཡིན་པར་བཀའ་སློབ་བསྩལ་ཞིང་། མཇུག་ཏུ་བྱབ་ཁྲུས་བསྩལ་ཏེ་བཀའ་དྲིན་བསྐྱངས་གནང་མཛད། དེ་ལྟར་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ལ་ཚོགས་པ་སྤྱི་སྒེར་གྱི་མཛད་སྒོ་ཁག་ལ་གདན་ཞུས་ཆེད་ཕེབས་དང་། བོན་ཁྲིད་དབང་ལུང་སོགས་ཀྱིས་བསྟན་འཛིན་གྱི་བྱ་བ་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༣ ཉིན་གྱི་ཕྱི་དྲོར་རང་དགོན་ ༧གདན་ས་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
གནས་ཚུལ་མཁོ་སྤྲོད་པ། མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས།










