
གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ལ་བལྟས་ཏེ་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་གནང་ཡོད། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་གྱིས་བགྲོ་གླེང་གི་བརྗོད་བྱ་རང་མོས་ཀྱིས་བདམས་ཐོན་བྱས་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།


ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༧ པའི་ཚེས་ ༢༥ ཉིན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༦ པ་དངོས་སུ་འཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥:༣༠ ཐོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་། བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་རྣམས་ལྷན་ཅིག་ཏུ་འཛོམས་ཏེ། ཐོག་མར་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་དང་བཅས་ཟླ་རེའི་བགྲོ་གླེང་ཐེངས་ ༢༦ པ་དབུ་འཛུགས་གནང་ཡོད།

གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས། རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་སངས་རྒྱས་དོན་གྲུབ་ལགས་ཀྱིས་ “བོན་ཕྱོགས་སུ་དབུ་སེམས་དང་ཐལ་རང་གི་ཐ་སྙད་འཕེལ་རིམ་དང་། དེ་གཉིས་དབར་གྱི་ཁྱད་པར་བརྟག་པ་ཐོག་མའི་སྙན་ཞུ་” ཞེས་པའི་བརྗོད་གཞིའི་ཐོག་ནས། ༡ དབུ་སེམས་དང་ཐལ་རང་གཉིས་ཀྱི་ཐ་སྙད་འཕེལ་རིམ་སྐོར་དཔྱད་པ།༢ རོལ་སྐྱེ་མཆེད་དང་མཚན་མ་ཀུན་བྲལ་བར་གྱི་ཁྱད་པར།ཞེས་སྡེ་ཚན་གཉིས་ཀྱི་སྒོ་ནས་གཏམ་བཤད་སྐར་མ་ ༡༥ དང་། དྲི་བ་དྲིས་ལན་སྐར་མ་ ༡༥ བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད།

དེ་རྗེས་གཏམ་བཤད་པ་གཉིས་པ་འཛིན་རིམ་བར་མའི་ཁོངས་ནས། འདུལ་བ་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་བློ་ལྡན་ལགས་ཀྱིས་ “རྗེའི་ཚད་མ་རང་འགྲེལ་དང་འགྲོ་མགོན་ཚད་མ་ལས་གསུངས་པའི་སྣང་ལ་མ་ངེས་པའི་སྐོར་ལ་རགས་ཙམ་བརྗོད་པ་” ཞེས་པའི་བརྗོད་གཞིའི་འོག་ནས། ༡ཚད་མིན་གྱི་བློའི་འཇུག་ཚུལ་སྤྱི་བཤད། ༢ སྣང་ལ་མ་ངེས་པ་རྒྱས་པར་བཤད་པ། ༣ བློ་ཡི་བསྡུ་ཚུལ། བཅས་གསུམ་གྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སྟེ་མཇུག་གྲུབ་ཡོད།

དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་ཚེ་དབང་རིག་འཛིན་རྒྱལ་མཚན་ལགས་ཀྱིས་ “ལུས་ཚད་ཇི་ལྟར་དབབ་དགོས་སམ་” ཞེས་པའི་བརྗོད་བྱའི་ཐོག་ནས། ༡ ལུས་ཚད་འཕེལ་བའི་རྒྱུ་རྐྱེན། ༢ ལུས་ཚད་འཕེལ་བའི་ཞོར་གནོད། ༣ ལུས་ཚད་དབབ་པའི་ཐབས། ༤ ནོར་བ་དང་བདེན་པ། ༥ གལ་ཆེ་བའི་བསླབ་བྱ་བཅས་ཀྱི་སྒོ་ནས་གསུང་བཤད་གནང་གྲུབ་མཚམས་དེ་འབྲེལ་གྱི་དྲི་བ་དྲིས་ལན་དང་བཅས་བོད་མེ་རྟ་ལོའི་བོད་ཟླ་དྲུག་པའི་བགྲོ་གླེང་དངོས་སུ་མཇུག་གྲུབ་ཡོད་པ་བཅས། གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།










