གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༧ པ། བོད་མེ་རྟ་ལོའི་བོད་ཟླ་བདུན་པ།

གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ལ་བལྟས་ཏེ་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་གནང་ཡོད། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་གྱིས་བགྲོ་གླེང་གི་བརྗོད་བྱ་རང་མོས་ཀྱིས་བདམས་ཐོན་བྱས་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༨ པའི་ཚེས་ ༡༥ ཉིན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༧ པ་བོད་མེ་རྟ་ལོའི་བོད་ཟླ་བདུན་པའི་བགྲོ་གླེང་དངོས་སུ་འཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥:༣༠ ཐོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་། བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་རྣམས་ལྷན་ཅིག་ཏུ་འཛོམས་ཏེ། ཐོག་མར་རིག་གནས་འགན་འཛིན་མེད་དབང་རྒྱལ་གྱིས་གཙོ་སྐྱོང་དང་བཅས་བགྲོ་གླེང་དེ་ཉིད་དབུ་འཛུགས་གནང་ཡོད།

རྫོགས་ཆེན་འཛིན་གྲྭའི་བརྩོན་འགྲུས་གོང་འཕེལ་ལགས་ནས་གསུང་བཤད་གནང་བཞིན་པ།

གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས། རྫོགས་ཆེན་འཛིན་གྲྭའི་བརྩོན་འགྲུས་གོང་འཕེལ་ལགས་ཀྱིས་ “ལྷ་བོན་སྒོ་བཞི་ལས་འཕྲོས་པའི་དཔྱད་གཏམ་” ཞེས་པའི་བརྗོད་གཞིའི་ཐོག་ནས། ༡. ལྷ་བོན་སྒོ་བཞིའི་འབྱུང་ཁུངས་སྐོར་རགས་ཙམ་ཞུ་བ། ༢. བསྟན་འབྱུང་དང་ཡིག་རྙིང་ཁྲོད་མཚན་ཇི་ལྟར་གསལ་བ། ༣. ལྷ་བོན་སྒོ་བཞི་ཞེས་པའི་ཐ་སྙད་ཀྱི་བྱུང་ཚུལ། ༤. དེ་གཞུང་གང་ཡིན་མིན་ངོས་འཛིན་གྱི་བཞེད་པ་ཁག ༥. གྲི་གུམ་བཙན་པོའི་རིང་སྒོ་བཞིའི་བོན་ཇི་ལྟར་བཞུགས་ཚུལ་བཅས་ཀྱི་སྒོ་ནས་གཏམ་བཤད་སྐར་མ་ ༡༥ དང་། དྲི་བ་དྲིས་ལན་སྐར་མ་ ༡༥ བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད།

འདུལ་བ་འཛིན་གྲྭའི་སློབ་གཉེར་བ་བཀྲ་ཤིས་རྒྱ་མཚོ་ལགས་ནས་གཏམ་བཤད་གནང་བཞིན་པ།

དེ་རྗེས་གཏམ་བཤད་པ་གཉིས་པ་འཛིན་རིམ་བར་མའི་ཁོངས་ནས། འདུལ་བ་འཛིན་གྲྭའི་སློབ་གཉེར་བ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ “རྒྱ་ནག་ནག་རྩིས་ཀྱི་སྤར་ཁའི་སྐོར་རགས་ཙམ་གླེང་བ་” ཞེས་པའི་བརྗོད་གཞིའི་འོག་ནས། ༡. རྒྱ་ནག་གི་སྤར་ཁའི་སྲོལ་གཏོད་པ་པོ། ༢. སྤར་ཁའི་འབྱུང་ཁུངས། ༣. སྤར་ཁའི་འགྲེལ་བཤད། ༤. སྤར་ཁའི་རི་མོ་བཀོད་སྟངས། ༥. སྤར་ཁའི་རི་མོ་དུས་ལ་ལྟོས་ནས་འདྲ་ལུགས་བཅས་ཀྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སྟེ་མཇུག་གྲུབ་ཡོད།

སྐབས་དང་པོའི་སློབ་གཉེར་བ་སྐལ་ལྡན་ཤེས་རབ་ལགས་ནས་གཏམ་བཤད་གནང་བཞིན་པ།

དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་སྐལ་ལྡན་ཤེས་རབ་ལགས་ཀྱིས་ “ཆུ་ཡི་སྐོར་” ཞེས་པའི་བརྗོད་བྱའི་ཐོག་ནས། ༡.ཆུ་ཡི་དཀའ་ངལ། ༢.ཆུ་ཡི་གནོད་སྐྱོན། ༣.ཆུ་ཡི་ཕན་ཡོན། ༤.བཏུང་ཆུ་ག་ཚོད་ཡོད་མེད། ༥.བཏུང་མི་རུང་བའི་ཆུ་ག་ཚོད་ཡོད་མེད་སོགས་ཀྱི་སྒོ་ནས་གསུང་བཤད་གནང་གྲུབ་མཚམས་དེ་འབྲེལ་གྱི་དྲི་བ་དྲིས་ལན་དང་བཅས་བོད་མེ་རྟ་ལོའི་བོད་ཟླ་བདུན་པའི་བགྲོ་གླེང་དངོས་སུ་མཇུག་གྲུབ་ཡོད་པ་བཅས། གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W