
དེ་ཡང་ཉེ་ཆར་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་བལ་བོད་གཉིས་ཀྱི་ས་མཚམས་ཏེ་བོད་ཀྱི་གཞིས་རྩེ་ཁུལ་གྱི་སྐྱིད་གྲོང་དང་། བལ་ཡུལ་བཱག་མ་ཏི་མངའ་སྡེའི་ (Bagmati Province) ཁོངས་སུ་གཏོགས་པའི་རཱ་སུ་ཝ་རྫོང་ (Rasuwa District) དང་ནུ་ཝ་ཀོཊི་རྫོང་ (Nuwakot District) གཉིས་གཙོས་པའི་ཉེ་འཁོར་ས་ཁུལ་ཁག་ཏུ་ཆུ་རུད་ཀྱི་གོད་ཆག་ཚབས་ཆེན་བྱུང་སྟེ། ས་གནས་ཀྱི་ཡུལ་མི་དང་ཡུལ་སྐོར་བ་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་ལྟར།



ཚེ་ལས་འདས་པ་རྣམས་ཀྱི་དོན་དུ་དགེ་རྩ་བསྔོ་སྨོན་དང་། གསོན་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་དཀའ་སྡུག་གི་འགག་འཕྲང་ལས་མྱུར་དུ་ཐར་བའི་སྨོན་འདུན་ཆེད། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༡ ཉིན་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། འདི་གའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་ཀྱི་འདུས་མང་ཡོངས་ནས། མར་མེ་མཆོད་འབུལ་དང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྨོན་ལམ་མང་ཇ་འཚོགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུ་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།













