༸གདན་ས་སྨན་རིའི་གླིང་དུ་བོད་མེ་རྟ་ལོའི་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པ།

༸གཡུང་དྲུང་བོན་གྱི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ། ལོ་རེའི་བོད་ཟླ་ ༨ པའི་ཚེས་ ༡ ནས་ ༧ བར་ཉིན་བདུན་གྱི་རིང་ལ་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཡང་༸སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ ༡༨༠༤༣ འདས་པའི་བོད་ཟླ་ ༨ པའི་ཚེས་ ༡ ནས་ ༧ བར་དང་། ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༡༢ ནས་ ༡༨ བར་ཉིན་བདུན་གྱི་རིང་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཁྱིམ་སྤང་རབ་བྱུང་སེམས་དཔའ་འདུལ་བ་འཛིན་པའི་འདུས་མང་ཡོངས་ཀྱིས་རྒྱལ་བ་གོང་མའི་ཕྱག་སྲོལ་ཇི་བཞིན་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་ཡོད།

གོང་གསལ་ཞག་བདུན་གྱི་རིང་དུ་འདུས་མང་ཡོངས་ཀྱིས་གཙང་མ་གཙུག་ཕུད་དང་དག་པ་དྲང་སྲོང་གི་ཁྲིམས་རྣམས་མིག་ལྟར་གཅེས་ཤིང་། སྡེ་སྣོད་གསུམ་ལ་འཆད་ཉན་དང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཐོས་བསམ་སྒོམ་སྒྲུབ་སོགས་མདོར་ན་བོན་སྤྱོད་བཅུ་གསུམ་གྱི་སྒོ་ནས་ཉམས་ལེན་དང་མི་འབྲལ་བར་བྱེད་ཅིང་། དུས་དེའི་རིང་དཀར་ཟས་ཁོ་ན་གསོལ་རྒྱུ་ལས་དམར་ཟས་རྩ་བ་ནས་སྤོང་བ་དང་། ཉིན་གུང་གསོལ་ཚིགས་ཙམ་ལས་ཕྱི་དྲོའི་ཁ་ཟས་སྤོང་བ། རྣམ་གཡེང་ལེ་ལོའི་དབང་དུ་མ་སོང་བར་དགོན་པའི་ཁོར་ཡུག་ལས་ཕྱི་ལོག་ཏུ་གང་བྱུང་དུ་མི་ཕེབས་པར་བག་ཡོད་དང་སེམས་ལ་སྤྲོ་བ་དད་པའི་སྒོ་ནས་ཉམས་ལེན་གནང་བཞིན་ཡོད།

ཉིན་རེའི་མཛད་རིམ་ནི། ཞོགས་པའི་ཕྱག་ཚོད་ ༤:༤༥ ཐོག་སྒྲུབ་ཁང་ལྷ་མོད་ཀྱིས་གྷན་དྷེ་བརྡུངས་ཟིན་རྗེས་མཆོད་དཔོན་གྱིས་དུང་ཚིགས་བཅུ་གསུམ་གཏོང་མཐར། དགེ་འདུན་རྣམས་གདེང་བའི་གདན་ལ་བཞུགས་ནས་སངས་རྒྱས་ཀྱི་ན་བཟའ་རྨད་གོས་སྐུ་ལ་གསོལ་ཏེ། དབུ་མཛད་ཀྱིས་གཤེན་གྱི་དགེ་སྤྱོད་ཆོ་གའི་དབུ་འཛུགས་ནས་ཁྲུས་ཀྱི་ཚིག་བཤད་གསུངས། དེ་རྗེས་༸སྐྱབས་རྗེ་དཔོན་གསས་བླ་མ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དུས་གསུམ་སངས་རྒྱས་ཀྱི་མཚན་ཕྱག་རེ་གསུང་པ་དང་། འདུས་མང་གིས་རྗེས་ཟློས་ཀྱིས་ཕྱག་རེ་འཚལ་ཞིང་འདུལ་ཆོག་གི་ལྟུང་བཤགས་སོགས་གསུངས། ཚོགས་གྲལ་དུ་འཁོད་ནས་རྣམ་རྒྱལ་ཕྱག་བཤགས་དང་གཤེན་རབ་སྤང་རྟོགས་སོགས་དང་། དགེ་སྤྱོད་ཀྱི་མདོ་ཆོག་ལས་ས་ཆོག་ནས་བཤགས་པ་ཡན་གསུངས་གྲུབ་རྗེས། ཞོགས་ཟས་ལ་རོལ་ཞིང་བཤད་སྒྲུབ་མཁན་པོ་མཆོག་ནས་རྗེ་བདག་ཉིད་ཆེན་པོའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེའི་བཀའ་ཁྲིད་དང་། ཁྱད་པར་དུ་འདུལ་བའི་ལག་ལེན་གྱི་སྒོ་ནས་སྤྱོད་ལམ་རྣམ་བཞིའི་ཉམས་ལེན་ཚུལ་ལ་བཀའ་སློབ་བསྩལ།

«གཤེན་གྱི་དཀའ་ཐུབ་ཀྱི་མདོ་»ལས། “ཉི་མ་ཤར་ནས་དྲོས་ཆེན་དུ་མ་ཕྱིན་བར་དུ་བདེ་བར་གཤེགས་པ་རྣམས་དབྱིངས་ནས་སྤྱན་དྲངས་ཤིང་། མར་མེ་དང་མེ་ཏོག་དང་ཞལ་ཟས་དང་བདུག་སྤོས་དང་ལྷ་རྫས་ཀྱི་དྲི་ཆབ་དང་རོལ་མོ་དང་སྒྲ་སྙན་དང་མཆོད་བརྗོད་དང་བསྟོད་ཚིག་གིས་མཆོད་པ་འབུལ་ལོ།” ཞེས་གསུངས་པ་ལྟར། དགེ་སྤྱོད་ཀྱི་མདོ་ཆོག་དང་པང་ཀོང་སོགས་ནས་མཆོད་པ་དང་སྐུ་བསྟོད་གསུངས་ཏེ། རང་གཞན་སྒྲིབ་གཉིས་སྦྱང་ཞིང་ཚོགས་གཉིས་བསགས་ཕྱིར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་ཕུལ།

ཡང་མདོ་ལས། “དེ་ནས་ཁ་ཟས་མཛད་དེ་ཉིན་ཕྱེད་དུ་མ་ཕྱིན་བར་དུ་བདེ་བར་གཤེགས་པ་སྐུ་གདུང་དང་སཱཙྪ་དང་མཆོད་གཏོར་གྱི་ཆོ་ག་མཛད་དོ།” ཞེས་གསུངས་པ་ལྟར། མཆོད་གཏོར་གྱི་སྔོན་འགྲོ་བོན་སྤྱོད་རྣམས་གྲུབ་རྗེས་གསེར་དངུལ་ཟངས་ལྕགས་སོགས་ཀྱི་གཏོར་གཞོང་ནང་དུ་བདུད་རྩིའི་ཁྲུས་ཆབ་རྣམས་བཤམས་ཏེ། མཆོད་གཏོར་རྩིས་མགོ་བདུན་པ་དང་བདུད་རྩི་ཆུ་རྒྱུན་ལན་ཆགས་གཏོར་མ་སོགས་ཀྱི་ཚིག་བཤད་གསུངས་ནས་སྦྱིན་པ་རྒྱ་ཆེར་ཕུལ་ཞིང་བསྔོ་བ་སྨོན་ལམ་གནང་།

ཉིན་གུང་གསོལ་ཚིགས་ཀྱི་དུས་སུ་འདུལ་བའི་གཞུང་བཞིན་དྲང་སྲོང་པ་རྣམས་ལ་གསོལ་ཟས་འདྲེན་ནས། སངས་རྒྱས་རྗེས་སུ་དྲན་པའི་མདོ་དང་ཟས་མཆོད་གཤེན་ལྷ་འོད་དཀར་སོགས་བརྗོད་དེ་དཀོན་མཆོག་ལ་ཟས་ཕུད་འབུལ་བ་དང་། དཀར་གསུམ་གྱི་ཞལ་ལག་མཆོད་གྲུབ་རྗེས་ལྷག་བསྔོ་བྱས་ཏེ་རིགས་དྲུག་ལ་སྦྱིན་པ་བཏང་། དེ་ནས་འདུལ་ཁང་སྒོ་འབྱོར་དུ་ཞལ་ཡར་གྱུར་ནས་དགེ་སྤྱོད་ཀྱི་མདོ་ཆོག་ལྟར་བསྐོར་བའི་ཡན་ལག་གསུངས་རྗེས། ངན་སོང་དོང་སྤྲུག་གི་སྙིང་པོ་བྱངས་རྟ་ལ་བསྐྱོན་ནས་འདུལ་ཁང་དང་སྐུ་གདུང་ལ་ཞབས་རྗེན་གྱིས་བསྐོར་བ་ལན་གསུམ་ཕེབས་ཤིང་ཨ་དཀར་འཛབ་བསྟོད་གསུངས།

«གཤེན་གྱི་དཀའ་ཐུབ་ཀྱི་མདོ་»ལས། “ཉི་མ་ཕྱེད་ནས་དགོང་མོ་རུ་མ་ཕྱིན་གྱི་བར་དུ་གདན་གཅིག་ཏུ་བཞུགས་ཏེ་བདེ་བར་གཤེགས་པའི་ཐུགས་འཛབ་སྙིང་པོ་རྣམ་གསུམ་རིམ་པར་བཟླའོ།” ཞེས་གསུངས་པ་བཞིན། ཕྱི་དྲོའི་དུས་མ་ཟིན་གྱི་བར་དུ་སྙིང་པོ་རྣམ་གསུམ་བཟླ་བ་དང་ཁ་འདོན་དགེ་སྦྱོར་གནང་། ཕྱི་དྲོའི་ཕྱག་ཚོད་ ༥:༣༠ ནས་ ༦:༣༠ བར་མདོ་སྔགས་སེམས་གསུམ་གྱི་ཚིག་དོན་རྣམས་འཆད་ར་ཐོས་བསམ་དགའ་ཚལ་གླིང་དུ་རྩོད་སྦྱང་གནང་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།

དགོང་དྲོར་བཤད་སྒྲུབ་སློབ་གཉེར་བ་རྣམས་འཆད་རར་རྩོད་སྦྱོང་དང་བསྟན་རྒྱས་སྨོན་ལམ་གསུངས་རྗེས། «གཤེན་གྱི་དཀའ་ཐུབ་ཀྱི་མདོ་»ལས། “དགོང་མོ་ནས་སྲོད་དུ་མ་ཕྱིན་གྱི་བར་དུ་འབྱུང་པོ་དང་ལན་ཆགས་གླུད་ཀྱི་གཏོར་མ་གཏོང་ཞིང་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བོ།” ཞེས་གསུངས་པ་ལྟར། འདུས་མང་རྣམས་འདུལ་ཁང་ཆེན་མོའི་སྒོ་འབྱོར་ནས་ཞལ་མར་འཁོར་ཏེ་ལན་ཆགས་གླུད་ཀྱི་ཚིག་བཤད་དང་མདོ་ཟློག་གསུངས་ནས་གླུད་དང་ཉུ་ལེ་བཀར་བ་དང་། ཞལ་ཡར་འཁོར་ནས་ཞི་གྱུར་དང་སྨོན་ལམ་གདབ། ཚོགས་གྲལ་དུ་འཁོད་ནས་རྣམ་རྒྱལ་ནོར་བུའི་སྨོན་ལམ་དང་། གཏོར་མའི་སྨོན་ལམ། ས་བཅུ་སྨོན་ལམ་བཅས་གསུངས་གྲུབ་རྗེས། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྔོ་བ་བདེ་ལེགས་ཀུན་འབྱུང་མ་གསུངས་ཤིང་། མཆོད་འབྲེལ་བྱུང་བའི་རྒྱུ་སྦྱོར་ཡོན་གྱི་བདག་པོ་བདག་མོ་དང་ཚེ་འདས་རྣམས་ཀྱི་མིང་བྱང་ཀློག་ནས་འདུས་མང་དང་བཅས་པས་བསྔོ་བ་སྨོན་ལམ་གནང་།

དེ་ནས་མཚན་མོའི་ཕྱག་ཚོད་ ༡༠:༠༠ མ་ཟིན་གྱི་བར་དུ་གྲྭ་ཤག་ཏུ་ཕེབས་མི་ཆོག་པར། གནས་ལུགས་ཀྱི་དོན་སྒོམ་པ། ཁ་འདོན་དགེ་སྦྱོར་བྱེད་པ། གཞུང་དོན་དཔེ་ཆ་བློ་འཛིན་དང་དཔེ་གཟིགས་གནང་བ། ཕྱག་འཚལ་བ་དང་སྐོར་བ་བྱེད་པ། སྟོན་པའི་རྣམ་ཐར་ཀློག་པ་བཅས་མདོར་ན་བོན་སྤྱོད་བཅུ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་སོགས་ཉིན་བཞིན་རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོའི་མཛད་པར་གཞོལ་བཞིན་ཡོད་པ་དང་།

དེ་བཞིན་བོན་གཞིས་ཐོབ་རྒྱལ་གསར་པའི་སྲིབ་ངོས་སུ་ཡོད་པའི་བཙུན་དགོན་རཏྣ་སྨན་གླིང་དུའང་། དགོན་པའི་མཚན་ཉིད་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་མཆོག་དབུ་བཞུགས་ཀྱིས་བཙུན་མ་རྣམས་ཀྱིས་ཀྱང་གོང་མཚུངས་ལྟར་བོད་ཟླ་ ༨ པའི་ཚེས་ ༡ ནས་ ༧ བར་ཉིན་བདུན་གྱི་རིང་དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོ་ལེགས་པར་འཚོགས་གནང་བཞིན་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W