
༼གནམ་འོག་གི་སྐར་ཆེན་ལྟ་བུ་རྒྱལ་སྲས་སེམས་དཔའ་ཁྱེད།༽
མཐའ་དགུ་བྲལ་བའི་གཉུག་མའི་ཐིག་ལེ་ཀ་དག་གདོད་མའི་བོན་གྱི་༵སྐུ།།
ཁ་དོག་མཚན་མའི་གཟུགས་ཀྱིས་མ་བཀོད་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་༵སྐུ།།
རོལ་རྩལ་སྣ་ཚོགས་གཅིག་ཏུ་མ་ངེས་གང་ལ་གང་འདུལ་སྤྲུལ་བའི་༵སྐུ།།
སྐུ་གསུམ་སངས་རྒྱས་ཀུན་འདུས་ངོ་བོ་རྩ་རྒྱུད་བླ་མ་ཁྱེད་རབ་བསྔགས།།
འོག་མིན་གནས་སུ་མངོན་པར་སངས་རྒྱས་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས།།
རྒྱལ་ཀུན་མཁྱེན་བརྩེ་སྙིང་རྗེའི་རང་གཟུགས་གདུལ་བྱ་མི་ཡི་རྣམ་རོལ་བ།།
ཞང་བོད་ཏི་སེ་འཛིན་མའི་ཁྱོན་འདིར་རྒྱལ་གཤེན་གྱེར་བསྟན་འཛིན་པའི་གཤེན།།
ཐུགས་སྲས་མཆོག་གྱུར་ཨ་༵ཞ་༵མཚན་ཅན་གས༵ང་བ་༵འདུས་པ༵ར་སྙིང་ནས་གུས།།
རྒྱལ་གཤེན་སྟོན་པས་མྱ་ངན་ཚུལ་བསྟན་གཤེན་ལོ་བཅོ་བརྒྱད་རྫོགས་པའི་མཚམས།།
གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་བཀའ་བསྡུད་ལེགས་གྲུབ་བྱུང་བའི་རྗེས།།
རྟག་ཆད་མཐར་འཛིན་འཁྲུལ་བའི་བློ་ཅན་ལོག་རྟོག་སེལ་བར་བྱེད་པའི་གཉེན།།
ཕྲོམ་ཡུལ་ལོ་ཙཱ་གསེར་༵ཐོག༵་ལྕེ་༵འབྱམ༵ས་རྒྱལ་གཤེན་བསྟན་པའི་སྒྲོན་མེ་བསྟོད།།
གང་ཞིག་རང་རྒྱུད་སྨིན་གྲོལ་མཛད་པའི་སངས་རྒྱས་སྐུ་གསུང་ཐུགས་ཀྱི་བསྟན།།
སྔོན་བསགས་མི་དམན་བསོད་ནམས་བཟང་པོ་སྐལ་ལྡན་ལས་འཕྲོ་ཅན་དག་གི།།
ཕྲག་ཏུ་ཤར་བའི་དུང་ཟླ་དཀར་པོ་རིང་ལུགས་ཞྭ་དཀར་གཡུང་དྲུང་བོན།།
གསལ་བར་མཛད་རྗེ་གྲུབ་པའི་མཆོག་གྱུར་ཟང༵་རང༵་མེ་༵འབར༵་ཕྱག་གི་ཡུལ།།
རྒྱལ་གཤེན་ལྷ་བུ་དམ་པ་ཏོག་དཀར་ཟས་གཙང་ཤཱཀྱས་སྲས་སྤྲུལ་ཏེ།།
སེམས་ཅན་ཁ་བཏག་བསླུ་བྲིད་ཟོལ་སྦྱོར་བདུད་རྒྱལ་ང་མིན་ཆོས་པོ་ཡི།།
མ་དག་ལོག་ཆོས་ཐབས་ཀྱིས་བསྒྱུར་ཏེ་ཡང་དག་དམ་པའི་ལྷ་ཆོས་ཏེ།།
ཤཱཀྱའི་ཐུབ་བསྟན་སྲོལ་འཛིན་ཆེན་པོ་གཙང་གི་མཁས༵་པ་༵ལེགས་༵གྲུབ་༵བསྟོད།།
རྩ་གསུམ་ལྷ་ཡུལ་ས་ལ་འཕོས་འདྲ་གངས་ཅན་ཤར་ཕྱོགས་རྒྱལ་མོ་རོང་།།
ཞང་ཞུང་རྒན་པོའི་སྲོལ་རྒྱུན་ལྡན་ཞིང་གདུང་དྲུག་རུས་ལས་ཆད་པའི་རྒྱུད།།
ཕྱོགས་བཞིའི་སྦས་ཡུལ་གཏེར་སྒོ་འབྱེད་མཛད་རིག་འཛིན་བཻ་རོའི་བརྡ་བསྒྱུར་གྲོགས།།
ལྗགས་མྱུར་དྲུག་ལྡན་ངག་གི་དབང་ཕྱུག་ལོ་ཙཱ་གཡུ༵་སྒྲ༵་སྙིང་༵པོར་༵བསྔགས།།
དགེ་ལྡན་ཕུན་ཚོགས་ཆོས་ཀྱི་ཞིང་མཆོག་ངོ་མཚར་ཁ་བ་གངས་ཅན་ལྗོངས།།
མ་སྡེབ་སྨན་བཅུད་སྣ་ཚོགས་ལྡན་ཞིང་ཟད་མེད་རིན་ཆེན་ཀུན་འབྱུང་གཏེར།།
ལྗོངས་འདིར་ཟབ་གཏེར་སྒོ་བརྒྱར་འབྱེད་པའི་གཤེན་གྱི་རྣལ་འབྱོར་མཐུ་བོ་ཆེ།།
མི་འཇིགས་སྐྱེ་འཚི་ཚེ་ལ་དབང་བ་གཏེར་ཆེན་ར་༵ཤག༵་གཡུང་༵དྲུང་༵མཁྱེན།།
ཟད་མེད་རིན་ཆེན་འབྲུ་ལྔའི་གཏེར་མཛོད་ལྷོ་ཕྱོགས་ཚ་བ་རོང་ཡུལ་དུ།།
ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་ཞིང་འཇིག་རྟེན་དྲེགས་ཚོགས་བཏུལ་བའི་གནས།།
མི་མཐུན་ལོག་ཚོགས་དབྱིངས་སུ་བཅོམ་སྟེ་མཐུན་རྐྱེན་དགེ་ལེགས་གྲོགས་མཛད་པ།།
ནག་ཕྱོགས་ཁྲི་མ་འབུམ་གྱི་ཟིལ་གནོན་པ༵དྨ་བཛྲ་༵གར་དུ་རོལ།།
ཞང་ཞུང་ཁྲི་སྡེ་བརྒྱད་ཅུར་དབང་བསྒྱུར་བྱ་རུ་རྒྱལ་པོ་བཅོ་བརྒྱད་དང་།།
དྲེགས་པ་བཅོ་བརྒྱད་ཚབ་མཚོན་བྱེད་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས།།
ཐུན་མིན་ཤོད་ཆེན་བཅོ་བརྒྱད་གྲགས་པའི་གཡུང་དྲུང་སྤུང་རྩེ་གཉེན་པོའི་ཞོལ།།
ཡབ་མེས་ཆོས་རྒྱུད་གཡུང་དྲུང་བོན་བསྟན་རབ་སྤེལ་རྒྱལ༵་བ་༵འོད༵་ཟེར་༵གསོལ།།
རྣམ་འདྲེན་བརྒྱད་པ་གཤེན་རབ་མཆོག་གི་ཐུགས་སྤྲུལ་གནས་མཆོག་བོན་གྱི་རིར།།
གཙོ་འཁོར་དངོས་སུ་ཞབས་སོར་འགོད་ཅིང་བྱིན་བརླབས་དྲོད་རླངས་འཐུལ་བའི་གནས།།
ཁྱུང་ཡུལ་མུན་སེལ་སྲིད་པའི་སྒྲོན་མེ་གཤེན་བསྟན་སྲོལ་ཆེན་འཛིན་པའི་གཤེན།།
འགྲོ་འདུལ་ཐབས་མཁས་སེམས་དཔའི་རྣམ་རོལ་ཡེ༵་ཤེས་༵ར༵ང་ཤར༵་མགོན་དེ་བསྟོད།།
གངས་ཅན་མདོ་སྨད་རྔ་ལྗོངས་ཕྱུག་མོ་སྨིན་གྲོལ་བཀྲ་ཤིས་འཁྱིལ་བའི་གླིང་།།
སྤྲུལ་སྐུ་རྣམ་བཞིའི་ཐུགས་ཀྱི་དགོངས་བཅུད་བརྒྱད་ལྡན་ཆུ་བོ་ལུ་མའི་རྒྱུན།།
ཁམ་བུ་ཧུབ་གྱིས་རྔུབ་ཐེངས་གཅིག་གི་ལུས་ཀྱི་རྩལ་ཀུན་རྫོགས་པའི་དཔལ།།
མཁས་མིང་བརྒྱ་ཡི་གཙུག་གི་ནོར་བུ་ཚུལ་ཆེན་ཚུལ་༵ཁྲིམས༵་ཡེ་༵ཤེས་༵མཁྱེན།།
སྟོང་གཟུགས་འཇའ་ལུས་འོད་སྐུ་ཆེན་པོ་ཀུན་མཁྱེན་མང་ག་ལྦེར་ཞི་རྗེའི།།
མཆོག་གྱུར་སློབ་མ་བཀའ་བབ་བུ་ཆེན་དངོས་བྱུང་རྣམ་བཞིའི་ཡ་གྱལ་གང་།།
སྡེ་སྣོད་གཞུང་བརྒྱའི་ཚིག་དོན་མ་ལུས་ཐམས་ཅད་ས་ལེར་མངའ་བ་ཉིད།།
མཁས་པའི་མཚན་སྙན་ཕྱོགས་བཅུར་གཡོ་བའི་ཚུལ་༵ཁྲིམས་༵བསྟན་༵པའི་༵རྒྱལ་༵མཚན༵་དྲན།།
ཡ་ཐོག་རིང་མོའི་ཁུག་སོ་འདི་ན་མར་འགྲིབ་སྙིགས་མ་ལྔ་བདོ་འདིར།།
མཁས་པའི་མཚན་སྙན་བ་དན་དཀར་པོ་བར་མེད་ཕྱོགས་བཅུར་གཡོ་བའི་གར།།
བཀའ་དྲིན་སུམ་ལྡན་སྐྱབས་ཀྱི་དང་པོ་བཞི་རྫོགས་མཆོག་སྤྲུལ་སློབ་དཔོན་གང་།།
ཚེ་རབས་ལས་ཀྱི་སྐྱབས་མཆོག་དམ་པ་ཐེ༵ག་མཆོ༵ག་བསྟན༵་པའི༵་ཉི་༵མ༵ར་འདུད།།
ཕ་རྒྱུད་གཤེན་རབ་མཆོག་གི་དུས་ནས་རིམ་བྱུང་སྐྱེས་བཞེས་སྐུ་ཡི་ཕྲེང་།།
ཐོས་ཆུང་བདག་བློས་གང་དྲན་མིན་པར་རྒྱབ་ལྗོངས་བསླུ་མེད་ལེགས་བཤད་གཞུང་།།
བརྟེན་ཅིང་མ་ནོར་ཟུར་ཙམ་བཀོད་དེ་རྒྱང་བཞུད་དད་ལྡན་སློབ་བུ་ངས།།
ཚོགས་བསགས་མཆོད་འབུལ་རྒྱན་དུ་དམིགས་ཏེ་དགུ་བཅུའི་བསྐལ་བཟང་ཉིན་དེར་ཕུལ།།
ཅེས་གངས་ཅན་ཤར་ཕྱོགས་རྒྱལ་མོ་རོང་གནས་མཆོག་སྐུ་བླ་ར་ཁང་ངམ་ལ་ཧེ་མཚོ་སྨན་རྒྱལ་མོའི་འདབས་ཞོལ་གསས་མཁར་བྱ་རུ་ཅན་གྱི་ཉེ་འདབས་སུ་དལ་རྟེན་ཙམ་རྙེད་ཅིང་རྟོགས་ལྡན་མཆོག་སྤྲུལ་རྣམ་གཉིས་ཀྱི་སྐྱབས་འོག་ཏུ་བགྲང་བྱ་དུ་མའི་བར་དུ་ཐོས་བསམ་སྒོམ་སྒྲུབ་གྱི་གདམས་ངག་གི་བདུད་རྩིའི་རོ་མཆོག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་ཅིང་དད་པའི་སྒོ་མོ་གསར་དུ་ཕྱེ་ནས་བཞུད་ལམ་གྱི་ཁ་ཕྱོགས་བོན་ལ་འཁོར་ཞིང་དཀའ་སྡུག་གི་ལམ་འཕྲང་བརྒྱུད་དེ་མུན་ནག་གི་ལྕགས་སྒྲོག་ལས་ཐར་ཞིང་རང་དབང་གི་གཤོག་རྩལ་བརྐྱངས་ཏེ་ག་ལེར་སྒོང་ཤུན་གྱི་ཕྱི་རུ་བུད་དེ་སླར་ཡང་འཇིག་རྟེན་གསར་བ་ཞིག་ལ་གོམ་ཁ་སྤོས་བཞིན་པའི་སློབ་མའི་མིང་གི་ཟུར་ཙམ་འཛིན་པ་ཐ་ཤལ་བ་རྒྱལ་རོང་བསྐལ་བཟང་གཡུང་དྲུང་ངམ་ཤེས་རབ་འོད་ཟེར་དུ་འབོད་པ་དེའི་ཚེ་རབས་ལས་ཀྱི་སྐྱབས་གནས་དམ་པ་མཆོག་སྤྲུལ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཡངས་པའི་འཇིག་རྟེན་འདིར་སྐུ་ཡི་མཚན་དཔེ་དཀྱིལ་འཁོར་མངོན་པར་བཞད་ནས་དགུང་གྲངས་དགུ་བཅུར་ཕེབས་པའི་བཀྲ་ཤིས་པའི་གོ་སྟོན་བསྐལ་བཟང་གི་ཉིན་མོར་ཁ་བཏགས་ཡུག་གཅིག་གི་ཚབ་ཏུ་རྟེན་འབྲེལ་ལེགས་སྐྱེས་སུ་ཕུལ་བ་ལགས་ཤིང་ལྷག་པར་དུ་སྤྲུལ་བའི་སྐུ་མཆོག་ཆེན་མོ་གང་ཉིད་ཀྱི་བཞེད་དོན་གེགས་མེད་ལྷུན་གྱིས་འགྲུབ་ཅིང་མཛད་འཕྲིན་ཡར་ངོ་ཟླ་ལྟར་རྒྱས་ཤིང་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་ཡུན་གནས་བརྟན་ཅིང་བཞུགས་པའི་སྨོན་འདུན་དང་མ་འོངས་ཕྱི་མ་ཡང་མགོན་པོ་གང་ཉིད་ཀྱི་སྐྱབས་འོག་ཏུ་སླར་ཡང་སློབ་མའི་ལུས་རྟེན་དུ་རྙེད་ཐུབ་པའི་སེམས་ཀྱི་རེ་བ་ཉག་གཅིག་དང་བཅས་སྤྱི་ཟླ་ཚེས་ལ་ ༢༠༢༦ ཟླ་ ༨ པའི་ ཚེས་ ༡༥ ནུབ་ཕྱོགས་ཧྥ་རན་སིའི་རྒྱལ་ས་ LYON གྲོང་ཁྱེར་དུ་འབོད་པ་དེར་སྒོ་གསུམ་་གུས་པ་ཆེན་པོའི་ངང་སོར་བཅུའི་པད་མོ་སྙིང་ཁར་སྦྱར་དེ་ཕུལ་བ་ལགས་སོ། ཐ་ཚན་མུ་ཙུག་སྨར་རོ། རྒྱལ་རོང་ཁྲོ་སྐྱབས་བླ་མེད་དགོནཔའི་སྤྲང་འཁྱམས་པ་བསྐལ་བཟང་གཡུང་དྲུང་ནས།
(མི་སྒེར་གྱི་རྩོམ་ཡིག) རྩོམ་ཡིག་གི་བརྗོད་དོན་གང་ཞིག་རྩོམ་པ་པོའི་འདོད་ཕྱོགས་ཡིན་པ་ལས་དྲྭ་ཚིགས་ཁང་གི་ལྟ་གྲུབ་ཡིན་པའི་ངེས་པ་མེད།










