གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༩ པ། བོད་མེ་རྟ་ལོའི་བོད་ཟླ་བཅུ་པ།

༸གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་ཞིབ་འཇུག་བྱེད་ཕྱོགས་ཉམས་མྱོང་སོགས་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཤིང་། ཕྱིས་སུ་དགོས་དམིགས་དུ་མ་ལ་བལྟས་ཏེ་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་གནང་ཡོད། དེ་ཡང་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་གྱིས་བགྲོ་གླེང་གི་བརྗོད་བྱ་རང་མོས་ཀྱིས་བདམས་ཐོན་བྱས་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།


དེ་རིང་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡༡ པའི་ཚེས་ ༡༢ ཉིན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༩ པ་བོད་མེ་རྟ་ལོའི་བོད་ཟླ་བཅུ་པའི་བགྲོ་གླེང་དངོས་སུ་འཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥:༠༠ ཐོག ༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་དང་། བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་རྣམས་ཆ་ཚང་འཛོམས་ཐོག

གཙོ་སྐྱོང་བ་རིག་གནས་འགན་འཛིན་འཕྲིན་ལས་རྒྱལ་མཚན་ལགས།

རིག་གནས་འགན་འཛིན་འཕྲིན་ལས་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་དང་བཅས་བགྲོ་གླེང་དེ་ཉིད་དབུ་འཛུགས་གནང་ཡོད།

སློབ་གཉེར་བ་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས། རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱིས་ “ཐུགས་སྤྲུལ་བོན་རི་དང་སྒྲུབ་གནས་ཁག་གཅིག་གི་ངོ་སྤྲོད་རགས་ཙམ་གླེང་བ་” ཞེས་པའི་བརྗོད་གཞིའི་ཐོག ༡. ཐུགས་སྤྲུལ་བོན་རི་ཆེན་པོའི་མཚན་གྱི་བྱུང་བ་བཤད་པ། ༢. གནས་སྒོ་ཕྱེས་པའི་ལོ་ཚིག་དང་ས་བབ། ཕྱོགས་བཞིའི་ས་མཚམས་སྐོར། ༣. གནས་བདག་ཀོང་བཙུན་དེ་མོའི་སྐོར། ༤. ཕྱོགས་བཞི་དབུས་ཀྱི་སྒོ་སྲུང་མཆེད་ལྔའི་སྐོར། ༥. ཕྱོགས་བཞི་དང་དབུས་ཀྱི་སྒྲུབ་ཕུག་ལྔའི་སྐོར། ༦. བོན་རིར་མཇལ་སྐོར་དང་ཕྱག་མཆོད་བྱས་པའི་ཕན་ཡོན་སྐོར་བཅས་ཀྱི་སྒོ་ནས་གཏམ་བཤད་སྐར་མ་ ༡༥ དང་། དྲི་བ་དྲིས་ལན་སྐར་མ་ ༡༥ གནང་ནས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད།

སློབ་གཉེར་བ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།


དེ་རྗེས་གཏམ་བཤད་པ་གཉིས་པ་འཛིན་རིམ་བར་མའི་ཁོངས་ནས། མཛོད་འཛིན་གྲྭའི་སློབ་གཉེར་བ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་བརྗོད་གཞི་ “གཡུང་དྲུང་གི་ཡན་ལག་བདུན་དང་འབྲེལ་བའི་རིན་ཆེན་ནོར་བདུན་སྐོར་” ཞེས་པར། ༡. གཡུང་དྲུང་གི་ཡན་ལག་བདུན་གྱི་ངོ་སྤྲོད། ༢. རིན་ཆེན་ནོར་བདུན་གྱི་ངོ་སྤྲོད། ༣. དེ་ཉིད་དཔེ་དོན་སྦྱར་ཚུལ་བཅས་ཀྱི་སྒོ་ནས་སྔར་ལྟར་སྐར་མ་བཅོ་ལྔ་གཏམ་བཤད་དང་སྐར་མ་བཅོ་ལྔར་དྲི་བ་དྲིས་ལན་གནང་།


སློབ་གཉེར་བ་ཚེ་དབང་དོན་འགྲུབ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ


དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་ཚེ་དབང་དོན་འགྲུབ་ལགས་ཀྱིས་བརྗོད་གཞི་ “མཆོད་པ་རྣམ་ལྔའི་སྐོར་” ལས། ༡. མཆོད་པ་ཞེས་པའི་དོན་བསྟན་པ། ༢. མཆོད་པ་རྣམ་པ་ལྔ་ངོས་འཛིན། ༣. མཆོད་པ་རྣམ་ལྔ་དབྱེ་བ་ཕྱེ་བ། ༤. མཆོད་པ་རྣམ་ལྔའི་རྒྱུ་ཆའི་སྐོར། ༥. མཆོད་པ་རྣམ་ལྔ་ཕུལ་བའི་ཕན་ཡོན་བཅས་ཀྱི་སྒོ་ནས་གསུང་བཤད་གནང་གྲུབ་མཚམས། དེ་འབྲེལ་གྱི་དྲི་བ་དྲིས་ལན་བཅས་གནང་ཞིང་། དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་བགྲོ་གླེང་གི་ཆ་ཤས་ལེན་ཕྱོགས་དང་འབྲེལ་ནས་དོ་སྣང་དགོས་རིགས་དང་ཁྱད་པར་དུ་དཔྱད་རྩོམ་གྱི་བརྗོད་བྱ་ཆུང་ངུ་ལ་དཔྱད་པ་ཞིབ་ཚགས་དགོས་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་སྟེ་བོད་མེ་རྟ་ལོའི་བོད་ཟླ་བཅུ་པའི་བགྲོ་གླེང་དངོས་སུ་མཇུག་གྲུབ་ཡོད་པ་བཅས། གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W