ཡི་དམ་སྟག་ལའི་སྲུང་ཟློག་བསད་གསུམ་དང་བཀའ་དབང་བསྩལ་གནང་བ།

ད་ལམ་ཕྱི་རྒྱལ་ཨུ་རུ་སུའི་སློབ་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༸ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་དེ་རིང་བོད་མེ་རྟ་ལོའི་བོད་ཟླ་ ༠༩ ཚེས་༢༩ དང་། ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༠༨ ཉིན། ༸ཡི་དམ་སྟག་ལ་མེ་འབར་གྱི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་མཛད་སོང་།

དེ་ཡང་ད་ལམ་ཕྱི་རྒྱལ་ཨུ་རུ་སུའི་དད་ལྡན་སློབ་ཚོགས་རྣམས་ནས་ཡི་དམ་སྟག་ལ་མེ་འབར་གྱི་སྲུང་ཟློག་དང་བཀའ་དབང་སོགས་གནང་རྒྱུའི་གསོལ་འདེབས་ཞུས་པ་བཞིན། འཆར་ཅན་ལྟར་བོད་ཟླ་དགུ་པ་ཡི་དམ་སྟག་ལའི་སྒྲུབ་པ་དང་བསྟུན་བོད་ཚེས་ ༢༤ ནས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་སྒྲུབ་གཤེན་པ་རྣམས་ཀྱིས་སྟག་ལྷའི་སྲུང་ཟློག་བསད་གསུམ་གྱི་འཕྲིན་ལས་དབུ་འཛུགས་གནང་བ་དང་། གཞན་ཡང་གྲྭ་ཚང་འདུས་མང་ནས་རྒྱལ་བ་སྨན་རིའི་ཚོགས་ཁང་ཆེན་མོར་ཉིན་གསུམ་གྱི་རིང་སྟག་ལ་སྤུ་གྲི་དམར་ནག་གི་ཚོགས་མཆོད་རྒྱས་འབུལ་ཞུས་ཏེ།

དེ་རིང་༸ཡི་དམ་སྟག་ལ་མེ་འབར་གྱི་བསྙེན་སྒྲུབ་དང་སྲུང་ཟློག་བསད་གསུམ་གྱི་སྤྱི་རིམ་ཆེན་མོའི་་ཉིན་མཐའ་མ། བོད་མེ་རྟ་ལོའི་བོད་ཟླ་༠༩ ཚེས་༢༩ དང་། ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༠༨ ཉིན་གྱི་ཞོགས་པ་དུས་ཚོད་ ༨།༣༠ ནས་༸གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བརྒྱུད་པའི་མངའ་བདག༸རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཚབ། རང་ཅག་བོན་འབངས་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༸ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་སྤོས་རྒྱ་དུང་གླིང་དང་བཅས་འདུལ་ཁང་དུ་སྤྱན་དྲངས་ཤིང་། བོན་གཞིས་སེར་སྐྱ་མི་མང་ཡོངས་དང་ཨུ་རུ་སུའི་དད་ལྡན་སློབ་མ་རྣམས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་འབངས་ཡོངས་ལ་༸ཡི་དམ་སྟག་ལ་མེ་འབར་གྱི་སྔོན་འགྲོ་དང་དངོས་གཞིའི་བཀའ་དབང་ཡོངས་སུ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་དང་།

ཕྱི་དྲོར་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་ཟློག་ཁྲུས་དང་ཟློག་དབང་གནང་རྗེས་དགོང་མོར་མེ་ཞགས་འཕངས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W