དེ་ཡང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༡ དང་། ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༢ པའི་ཚེས ༢༠ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཉིས་པའི་དགེ་བཤེས་བཛད་སྒོའི་ཉིན་གཉིས་པའི་མཛད་རིམ་བསྐྱངས་གནང་སོང་ལ། འདི་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཁན་བཀའ་རམས་པ་བཅུ་བདུན་ལས་ཉིན་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་མི་བཞི་རེ་དང་ཉིན་བཞི་པར་མི་ལྔ་ཡིས་གཞུང་བཤད་དང་གཏོང་སྒོ་ཆེན་མོ། ཉིན་ལྔ་པ་དང་དྲུག་པར་སྔ་ཕྱི་དྲོར་རྒྱུགས་སྤྲོད་དམ་བཅའ་ཆེན་མོ་དང་། ཉིན་བདུན་པར་ཕྱག་འཁྱེར་བསྩལ་གནང་མཛད་རྒྱུདང་ཕྱི་དྲོེ་ཁྲི་བཞེངས་ཀྱི་མཛད་རིམ་བཅས་རིམ་པར་སྐྱོང་གནང་རྒྱུ་ཡིན་འདུག
གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་༩:༠༠སྟེང་། གྲྭ་ཚང་མཆོད་དཔོན་ནས་རྡོ་ཏིང་གི་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་སྣ་རྒྱ་གླིང་གིས་ཕེབས་བསུ་དང་།བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཉིན་འདིའི་བཀའ་རམས་པ་རྒྱལ་ལྷ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་རྣམ་རྒྱལ། མེ་ཉག་དྲང་སྲོང་དྲི་མེད་གཡུང་དྲུང་རྣམ་དག ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྣམ་རྒྱལ། དབྲ་ཚ་དྲང་སྲོང་ཤེས་རབ་གཡུང་དྲུང་གྲགས་པ་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཕེབས་བསུ་དང་བཅས་ཚོགས་ཁང་དུ་ཕེབས་ནས་བཞུགས་ཁྲི་དང་བཞུགས་གྲལ་དུ་འཁོད།
དེ་མཚམས་འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་ཉིན་འདིའི་བཀའ་རམས་པ་རྣམས་ཀྱི་འབྲས་སིལ་དང་ཟབ་ཇ་འདེགས་འབུལ། དེ་བཞིན་གཏོང་སྒོ་ཆེན་མོའི་སྐུ་འགྱེད་ཀྱི་མཛད་རིམ་བསྐྱངས།
ཚོགས་ཆེན་ཞལ་ངོ་ནས་ཉིན་འདིའི་གཞུང་བཤད་གནང་མཁན་གྱི་བཀའ་རམས་པ་རྣམས་ལ་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་ཏེ།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་ཉི་ཟེར་གཞའ་འོད་གུར་ཁྱིམ་དབྱངས་སུ་གྱེར་གནང་བ་དང་།
དེ་རྗེས་བཀའ་རམས་པ་རྒྱལ་ལྷ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་རྣམ་རྒྱལ་ནསསྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་ཡོད་པ་དང་། དེ་རྗེས་མེ་ཉག་དྲང་སྲོང་དྲི་མེད་གཡུང་དྲུང་རྣམ་དག་དང་ཁྱུང་པོ་དྲང་སྲོང་གཡུང་དྲུང་འཕྲིན་ལས་རྣམ་རྒྱལ། དབྲ་ཚ་དྲང་སྲོང་ཤེས་རབ་གཡུང་དྲུང་གྲགས་པ།དཀའ་ཆེན་དང་དཀའ་ཆུང་སོ་སོའི་གཞུང་བཤད་གྱེར་གྲུབ་མཚམས་འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།
ཆུ་ཚོད་༡༢།༠༠སྟེང་ཚོགས་བརྡ་དང་བཅས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་ཆེན་མོ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་ ༣།༠༠སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་བཀྲ་ཇ་མཆོད་གྲུབ་རྗེས། སྔར་ལྟར་ཚོགས་ཆེན་ཞལ་ངོ་མཆོག་ནས་ཆབ་ཕུལ་མཚམས། གྲལ་མཇུག་ཏུ་ཕེབས་ནས་མཆོད་ཚིག་དང་། བཀྲ་ཤིས་མངའ་དབུལ་གྱི་ཚིག་བཤད་སོགས་གྱེར་ཞོར་བཀྲ་ཤིས་མཆོད་འབྲུ་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ།
ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ཉེར་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ་དེ་ཉིད་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
དགེ་བཤེས་མཛད་སྒོ་དང་འབྲེལ་དེབ་གསར་གཅིག་འགྲེམས་སྤེལ་བྱས་པའི་ངོ་སྤྲོད་ལ་གཟིགས།