སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནུབ་ཕྱོགས་ཨ་རི་ནས་ཕྱིར་༸གདན་ས་སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་གནང་བ།

དེ་ཡང་སྤྱིར་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྒོས་འབྲེལ་ཆགས་དད་ལྡན་སློབ་འབངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཉེ་ལམ་ཟླ་བ་གཅིག་དང་ལྷག་གི་རིང་ཨ་རིར་གནས་ཆགས་པའི་བོན་ཚོགས་རྣམས་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དུ་མར་ཞབས་བཅག་སྟེ། རིས་སུ་མ་ཆད་པའི་དད་ལྡན་སྟོང་ཕྲག་མང་པོར་བོན་ཁྲིད་དང་། བཀའ་དབང་། ལེགས་ཉེས་བླང་དོར་གྱི་ཞལ་གདམས་བཀའ་སློབ་སོགས་གང་ལ་གང་དགོས་དེ་ལ་དེར་སྟོན་གྱི་བསྟན་འགྲོའི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས།

ཕྱི་ལོ་ ༢༠༢༦ ཟླ་ ༠༧ པའི་ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་རྡི་ལིར་ཞབས་སོར་བཀོད་གནང་ཡོད་པ་དང་སྐབས་དེར་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྤྱི་གཉེར་སོགས་ཀྱིས་ཕེབས་བསུ་ཞུས་ཤིང་། དེ་རིང་ ༢༠༢༦ ཟླ་ ༠༧ པའི་ཚེས་ ༢༣ ཉིན། ༸སྐྱབས་རྗེ་མཆོག་སྟོན་འཁོར་ལྷན་རྒྱས་ཕྱིར་རང་དགོན་དུ་ཞབས་སོར་བཀོད་གནང་ཡོད་པ་དང་། དེ་ཡང་དགོན་གྱི་ཉེ་འགྲམ་ Dhrampur starbuck cafe དུ་བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་འགོ་འཛིན་དང་། བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྤྱི་གཉེར། སྨན་རིའི་གྲྭ་ཚང་གི་གཉེར་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བཙུན་དགོན་རཏྣ་སྨན་གླིང་གི་གཉེར་པ། དེ་བཞིན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་འགན་འཛིན། ས་གནས་རང་བདེན་ཚོགས་ཆུང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། སྨན་རིའི་མགྲོན་ཁང་། བོན་བུ་ཁྱིམ་ཁང་། གཡུང་དྲུང་བོན་གྱི་དྲ་ཚིགས་ཁང་སོགས་འབྲེལ་ཡོད་ཚོགས་པ་ཆེ་ཆུང་དུ་མ་ཞིག་གི་འགན་འཛིན་དང་སྐུ་ཚབ་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་བཅས་ཀྱིས་ཕེབས་བསུ་དང་གསོལ་ཇ་འདེགས་འབུལ་སོགས་གོ་སྒྲིག་ཞུས།

དེ་རྗེས་༧སྐྱབས་རྗེ་མཆོག་སྟོན་འཁོར་ལྷན་རྒྱས་རང་དགོན་༧གདན་ས་སྨན་རིའི་གླིང་དུ་ཞབས་སོར་འཁོད་ཡོད་པ་དང་། དེ་ཡང་བོན་གཞིས་ཐོབ་རྒྱལ་གསར་པའི་མདུན་སྒོར་བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་གཙོས་དགེ་སློབ་ཡོངས་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་མགོ་དང་། བོན་གཞིས་དད་ལྡན་མང་ཚོགས་རྣམས་ནས་རོལ་དབྱངས་སྣ་ཚོགས་དང་དར་དཀར་གྱིས་ཕེབས་བསུ་ཟབ་རྒྱས་ཞུས།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ་ཡོངས་ནས་མཐོ་སློབ་ཀྱི་སྒོ་མདུན་དུ་བསང་ཤུག་བདུག་སྤོས་སོགས་ཀྱི་ཕེབས་བསུ་དང་། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཤར་སྒོར་ ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྒྲུབ་སློབ་དཔོན་དང་། བཙུན་དགོན་རཏྣ་སྨན་གླིང་གི་མཚན་ཉིད་མཁན་པོ་སོགས་དགེ་འདུན་འདུས་མང་ཡོངས། བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་བཅས་ཀྱིས་སེར་འཕྲེང་གིས་ཕེབས་བསུ་དང་བཅས་ཏེ་སྨན་རིའི་གཙུག་ལག་ཁང་གི་སྒོ་འཕྱོར་དུ་སྤྱན་དྲངས་ཤིང་། འདུས་མང་རྣམས་འཆམ་རར་བསྟར་འཕྲེང་ཕྱོགས་གཉིས་སུ་བརྒྱུས་ནས་གཤེན་རབ་མཆོད་རྔའི་སྒྲ་དབྱངས་ཀྱི་མཆོད་པ་ཕུལ།

དེ་རྗེས་སྐྱབས་རྗེ་མཆོག་འདུལ་ཁང་དུ་གདན་སྤྱན་དྲངས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་བཞུགས་སུ་གསོལ་བ་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་བཤད་སྒྲུབ་སློབ་དཔོན་མཆོག་ནས་མཆོད་པ་རྣམ་ལྔ་འདེགས་འབུལ་ཞུས་རྗེས། རིམ་བཞིན་སེར་སྐྱ་མི་མང་ཀུན་གྱིས་མཇལ་ཁའི་བྱིན་རླབས་ཞུས་གྲུབ་མཚམས་རིན་པོ་ཆེ་མཆོག་རྒྱལ་བ་སྨན་རིའི་བླ་བྲང་གདན་དྲངས་ཏེ་དཔལ་ལྡན་སྨན་རིའི་བླ་བྲང་ནས་སྐྱབས་རྗེ་མཆོག་དབུས་ཚོགས་པ་ཁག་གི་གནད་ཡོད་མི་སྣ་རྣམས་ལ་གསོལ་ཇ་དང་། ཁ་ཟས་སོགས་འདེགས་འབུལ་ཞུས་ཤིང་། ༧སྐྱབས་རྗེ་མཆོག་ནས་འདུས་མང་ཡོངས་ལ་སྔར་སྲོལ་ལྟར་བསྙེན་བཀུར་མང་ཇ་སོགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། གཡུང་དྲུང་བོན་དྲ་ཚིགས་ཁང་ནས། ཨ་རིར་མཛད་འཕྲིན་བསྐྱངས་བའི་གནས་ཚུལ་ལ་གཟིགས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W
གཡུང་དྲུང་བོན་གྱི་དྲྭ་རྒྱ།