དེ་ཡང་༸ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་དཔོན་གསས་བླ་མ་དམ་པ་སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་པོ་༩ འཁོར་བའི་དུས་ཆེན་ཁྱད་པར་ཅན་འདི་དང་འབྲེལ་ནས་རྒྱལ་ཁབ་ཕྱི་ནང་གང་སར་གནས་པའི་བོན་འབངས་དང་དད་ལྡན་ཡོངས་ཀྱིས་རྗེས་དྲན་མཆོད་འབུལ་ཞུས་གནང་ཡོད་པ་ལྟར།

༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་སུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་གསུངས་པ་དང་། སེར་སྐྱ་མི་མང་ཡོངས་ནས་འདས་མཆོད་རྒྱས་འབུལ་གནང་ཡོད།


ཉིན་དང་པོ། (༢༠༢༦ ཟླ་ ༩ ཚེས་ ༤ བོད་མེ་རྟ་ལོའི་བོད་ཟླ་ ༧ པའི་ཚེས་ ༢༤) སྔ་དྲོའི་ཆུ་ཚོད་ ༥:༠༠ ནས་བཟུང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག འདུས་མང་ཡོངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཆོ་ག་དབུ་ཚུགས་གནང་ཞིང་།



ཉིན་གཉིས་པ་དེ་རིང་ (༢༠༢༦ ཟླ་ ༩ ཚེས་ ༥ དང་ བོད་མེ་རྟ་ལོའི་བོད་ཟླ་ ༧ པའི་ཚེས་ ༢༥) ཞོགས་འཚོགས་གྲུབ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་འདུས་མང་སེར་སྐྱ་ཡོངས་ནས། ༸སྐྱབས་རྗེ་ཞིང་གཤེགས་དམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་གླིང་སྐོར་སེར་ཕྲེང་དུ་ཕེབས་ཤིང་ཕྱིར་ཚོགས་ཁང་མདུན་གྱི་འཆམ་རར་གཤེན་རབ་མཆོད་རྔའི་སྒོ་ནས་དབྱངས་ཀྱི་མཆོད་པ་ཕུལ་རྗེས། ཚོགས་ཁང་ནང་དུ་མཚན་ལྡན་བླ་མའི་མཆོད་ཐབས་ཀྱི་ཚིག་བཤད་དང་༸སྐྱབས་རྗེ་ཞིང་གཤེགས་དམ་པའི་གསོལ་འདེབས་དབྱངས་སུ་གྱེར་གནང་ཡོད།


དགོང་མོའི་ཆུ་ཚོད་ ༧:༣༠ ཐོག་༸སྐྱབས་རྗེ་མཁན་རིན་པོ་ཆེ་དབུས་བོན་གཞིས་སེར་སྐྱ་མི་མང་ཡོངས་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་འཛོམས་ནས། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བ་དབྱངས་སུ་གྱེར་བཞིན་རིན་ཆེན་རྫས་ཀྱི་མཆོད་པ་རྣམ་ལྔ་དང་མཎྜལ་ཚིག་བཤད་ལྟར་མཆོད་པ་ཇི་སྙེད་སྤུངས་ཤིང་། སྣང་གསལ་སྒྲོན་མེའི་མཆོད་སྤྲིན་ཕུལ་ཞིང་༸སྐྱབས་རྗེ་ཞིང་གཤེགས་དམ་པའི་གསོལ་འདེབས་དབྱངས་སུ་གྱེར་གནང་།



དེ་ནས་འདུལ་ཁང་། སྒྲུབ་ཁང་། བླ་བྲང་བཅས་སུ་གཤེན་རབ་མཆོད་རྔའི་སྒྲ་དབྱངས་ཀྱི་མཆོད་པ་རིམ་པར་ཕུལ་ནས། སེར་སྐྱ་མི་མང་ཡོངས་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་༽དུ་བཞུགས་པའི་སྐུ་གདུང་བྱིན་རྟེན་དང་།



གཙུག་ལག་ཁང་མདུན་གྱི་སྐུ་ཐང་དང་མཆོད་བཤམས་སོགས་ལ་མཇལ་ཁ་ཞུས་རྗེས། སྨན་རིའི་བླ་བྲང་ནས་བཀྲ་ཤིས་གསོལ་ཇ་སྩལ་གནང་མཛད་དེ་འདས་མཆོད་ཆེན་མོའི་མཛད་སྒོ་ལེགས་པར་མཇུག་གྲུབ་ཡོད་པ་དང་།
གཞན་ཡང་དེ་རིང་སྨན་རིའི་དགེ་བཤེས་རྣམས་ནས་༸རྒྱལ་བ་སྨན་རིའི་བླ་བྲང་དུ་རྗེ་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་སྒོ་ནས་ཚོགས་མཆོད་རྒྱས་འབུལ་དང་། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གཉིས་ནས་ཀྱང་འདས་མཆོད་འཚོགས་གནང་ཡོད་པ་བཅས། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།












